༼  བོད་སྐད་དུ ༽  སྐད་བརྡ་རིག་པའི་བརྡ་ཆད་བོད་སྒྱུར་ཚོ་ཆུང་།

མཆོད་བརྗོད།

ॐ। ।ओंस्वस्तिसिद्दं॥
༄༅། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།
འཛམ་གླིང་སྒྲ་བའི་གཙུག་རྒྱན་པཱཎིནི།།
གངས་ཅན་མིག་གཅིག་ཐོན་མི་སཾབྷོཊ།།
དེང་རབས་སྐད་བརྡའི་ཤིང་རྟ་སུའོ་ཤུའར།།
གངས་རི་ར་བས་སྐོར་བའི་ཞིང་ཁམས་སུ།།
སྐད་བརྡའི་འཕྲིན་ལས་རྒྱས་པར་བྱིན་གྱིས་རློབས།།

༼  བོད་སྐད་དུ ༽  དེང་རབས་སྐད་བརྡ་རིག་པའི་གཞི་རྩའི་བརྡ་ཆད་བོད་སྒྱུར་ཚོ་ཆུང་གི་ངོ་སྤྲོད་མདོར་བསྡུས།

རང་ཅག་ཀུན་གྱི་མ་ཡུམ་དང་གཉིས་སུ་མེད་པའི་བོད་ཀྱི་སྐད་ཡིག་འདིའི་སྒང་ལ། དེང་རབས་ཀྱི་རིག་གཞུང་གི་སྒོ་སྣ་ཚོགས་གྲ་རྒྱས་སུ་གཏོང་བ་དང་། སྒོས་སུ་སྐད་ཡིག་རང་སྟེང་ལ་ཉམས་ཞིབ་ཀྱི་ལག་ཆ་ལྟ་བུར་གྱུར་བའི་སྐད་བརྡ་རིག་པའི་གཞུང་ལུགས་ནང་འདྲེན་དང་། ཡུལ་སྐད་ཞིབ་འབྲི། ཉམས་ཞིབ་ཀྱི་ལས་ཀ་དེ་འཐུས་ཚང་དང་། ཚད་ལྡན་དུ་གཏོང་སླད། ངེད་བོད་སྐད་དུ་ཞེས་པའི་དང་བླངས་ཚོ་ཆུང་ནས། དེང་རབས་ཀྱི་གཞུང་ལུགས་འདི་དང་འབྲེལ་ཡོད་ཀྱི་བརྡ་ཆད་དག་བོད་འགྱུར་བྱེད་པའི་ལས་གཞི་འགོ་བརྩམས་པ་ཡིན། ཚོ་ཆུང་འདིའི་ཁོངས་མི་ནི་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད། དེང་རབས་སྐད་བརྡ་རིག་པ་སོགས་ལ་སློབ་གཉེར་བྱེད་བཞིན་པའི་གཞོན་སྐྱེས་ཤ་སྟག་ཡིན།

ཚོ་ཆུང་འདིའི་ཁོངས་མི་ཀུན་ནས་ཕྱར་བ་གྲུ་འདེགས་ཀྱིས་དེ་དོན་མངོན་འགྱུར་བྱ་ཐབས་སུ། དུས་ཡུན་གཏན་ཁེལ་གྱིས་མཉམ་ཞུགས་སློབ་སྦྱོང་དང་། བརྡ་ཆད་བོད་བསྒྱུར། ཚོགས་ཞུགས་བགྲོ་གླེང་སོགས་བྱ་རྒྱུ་ཡིན་ལ། བསམ་གྲོས་ལེགས་བསྡུར་གྱིས་བོད་འགྱུར་གྲུབ་མཚམས་བོད་སྐད་དུ་ཞེས་པའི་འཕྲིན་སྟེགས་སུ་སྤེལ་ཏེ་འབྲེལ་ཡོད་སློབ་གཉེར་བ་དག་གི་བསམ་འཆར་བསྡུ་ལེན་བྱའོ།།

མཇུག་ཏུ་བསྐྱར་ཞུས་དང་མཐའ་ཞུས་བརྒྱུད་དེ་དང་བླངས་པའི་མིང་ཐོག་ནས་སྙན་ཞུ་སྒྲོག་སྦྱོང་བྱ་རྒྱུ་ཡིན། 

བྱེ་བྲག་སྐད་སྒྲ་རིག་པ་དང་སྐད་སྒྲའི་མ་ལག་རིག་པའི་གཞི་རྩའི་བརྡ་ཆད་བོད་སྒྱུར་ཚོ་ཆུང་གི་ངོ་སྤྲོད།

ཁྲོ་ཁོ་སངས་རྒྱས་སྐྱབས། ༼  ནུབ་བྱང་མི་རིགས་སློབ་ཆེན། ༽
གུར་མགོན། ༼  བོད་ལྗོངས་སློབ་ཆེན། ༽
དངུལ་རྭ་ཚེ་རྡོར། ༼  ཀྲུང་དབྱང་མི་རིགས་སློབ་ཆེན། ༽
བསྟན་འཛིན་ནོར་བུ། ༼  པེ་ཅིང་སློབ་ཆེན། ༽
རྨོག་རུ་གནམ་ལྷ་ཚེ་རིང་། ༼  བོད་ལྗོངས་སློབ་ཆེན། ༽
ཚེ་རིང་རྣམ་རྒྱལ། ༼  ནུབ་བྱང་མི་རིགས་སློབ་ཆེན། ༽
ཚེ་རིང་ལྷ་མོ། ༼  ཀྲུང་དབྱང་མི་རིགས་སློབ་ཆེན། ༽
སངས་རྒྱས་མཁར། ༼  བོད་ལྗོངས་སློབ་ཆེན། ༽
སངས་རྒྱས་ཚེ་རིང་། ༼  ཀྲུང་དབྱང་མི་རིགས་སློབ་ཆེན། ༽
བཅས་ནས་གཞི་རྩའི་བརྡ་ཆད་དག་གསེ་ཞིང་བོད་སྐད་དུ་བསྒྱུར།
(*རུས་མིང་ནི་ཚེག་ཁྱིམ་དང་པོའི་མིང་གཞི་སྡེ་བ་གང་ཏུ་གཏོགས་པ་གང་དེའི་གོ་རིམ་བཞིན་བསྟར་ཡོད་དོ།།)


བོད་འགྱུར་མའི་གསལ་བཤད།

བརྡ་ཆད་རྣམས་ནི་སྐད་བརྡ་རིག་པའི་ཡན་ལག་སྟེ། སྐད་སྒྲ་རིག་པ་དང་སྐད་སྒྲའི་མ་ལག་གི་རིག་པ། མིང་དང་ཚིག་གི་བརྡ་སྤྲོད་རིག་པ་སོགས་ཀྱི་ཁྱབ་ཁོངས་སུ་རྒྱུག་ཆེ་བའི་དཔེ་དེབ་དག་དང་བསྟུན་ནས། མ་ཡིག་དབྱིན་སྐད་དང་། རྒྱ་ཡིག་གི་འགྱུར་གཉིས་ལ་བལྟས་ཏེ་བོད་སྒྱུར་བྱས་པ་ཡིན་ལ། དེའི་ཁྲོད་དུ་ཡན་ལག་གི་བརྡ་ཆད་ཁག་ཅིག་ནི་ཐད་ཀར་རྒྱ་ཡིག་ནས་བསྒྱུར་བས་དབྱིན་སྐད་བཀོད་མེད། རྩ་བའི་ཆ་ནས་གང་ཅི་ཐུབ་ཀྱིས་སྤྱི་འགྲོས་ཀྱི་གཞུང་ལུགས་དང་བརྡ་ཆད་ལ་བསྟུན་ཐབས་བྱས་ཡོད། 
བརྡ་ཆད་ཁག་ཅིག་ནི་རང་རེའི་བོད་ཀྱི་སུམ་རྟགས་སོགས་སུ་གོ་དོན་འདྲ་བའམ་ཕྱོགས་ཉེ་བ་རེ་མཆིས་མོད། བརྡ་ཆད་ཀྱི་མ་ལག་ཡོངས་དང་བསྟུན་པ་དང་། ཉ་ཉུང་མཉམ་བསྲེས་མི་ཡོང་བའི་ཕྱིར་བརྡ་གསར་དུ་བཏགས་པ་ཡིན། 
བརྡ་ཆད་ཀྱི་གོ་བ་མི་ལོག་པ་དང་། མ་ལག་ཡོངས་དང་བསྟུན་པ། བོད་སྐད་ཀྱི་འགྲོས་དང་མཐུན་པ་གསུམ་ནི་ང་ཚོའི་ལས་ཀ་འདིའི་རྩ་དོན་གསུམ་ཡིན་མོད། ད་དུང་ཡང་ནོར་འཁྲུལ་ཅི་རིགས་མཆིས་སྲིད་པས། ཀུན་གྱིས་དགོངས་འཆར་ལྷུག་པོ་སྩོལ་རོགས་ཞུའོ།།

དཔྱད་མཆན་ཡོད།