《མཆོད་མེ》སྐབས87པའི་ཨོ་ཟི་ཁཱའི་འོས་མིང་དུ་ཚུད།

 པེ་ཅིང་གི་དུས་ཚོད། སྤྱི་ཟླ་དང་པོའི་ཚེས16ཉིན།

ཨ་རིའི་གློག་བརྙན་སྒྱུ་རྩལ་དང་ཚན་རིག་གླིང(Academy of Motion Picture Arts and Sciences)གིས་སྐབས87པའི་ཨོ་ཟི་ཁཱ་བྱ་དགའི་འོས་མིང་དུ་ཚུད་པའི་གློག་བརྙན་མིང་ཐོ་བསྒྲགས། མིང་ཐོའི་ནང་། 《བྱ་མྱི》 Birdmanདང《བྱིས་དུས》Boyhood 《ལད་ཟློས་རྩེད་མོ》The Imitation Game 《བྷུ་ཌ་པེ་སི་ཊ་མགྲོན་བྲང》The Grand Budapest Hotel 《སེལ་མཱ》Selmaསོགས་ཚུད་ཡོད་ལ། ཧྥ་རན་སི་རུ་སློབ་གཉེར་བྱེད་ཀྱིན་པའི་འཁྲབ་ཁྲིད་པ་ཧུའུ་ཝེ(胡伟)ཡི་གློག་བརྙན《མཆོད་མེ》ཞེས་པར“ཨོ་ཟི་ཁཱའི་ཕུལ་བྱུང་བརྙན་ཐུང”གི་འོས་མིང་དུ་ཚུད་ཡོད་པ་དང་། དེ་ནི་ཀྲུང་གོའི་གློག་བརྙན་ཞིག་འིས་མིང་དུ་ཚུད་པ་ཐོག་དང་པོ་དེ་ཡིན་པ་རེད།

《མཆོད་མེ》ཞེས་པའི་གློག་བརྙན་དེ་མ་གཞི2013ལོར་བཟོས་པའི་དུས་ཡུན་སྐར་མ15ཅན་གྱི་བརྙན་ཐུང་ཞིག་ཡིན་ཅིང་། བརྙན་ཕབས་པར་ཧ་ལམ་དུས་ཡུན་ལོ་ངོ་གཉིས་ལྷག་གི་དུས་ཚོད་སྤྱད་ཡོད་འདུག 2013ལོར། བརྙན་ཐུང་འདི་ཀཱ་ན་གློག་བརྙན་དཔྱད་བརྗོད་པའི་ཐོ་ཡིག་གི་ནང་དུ་ཚུད་ཡོད་འདུག་ལ། དེ་མིན་རྒྱལ་སྤྱིའི་སྟེང་གི་གློག་བརྙན་བྱ་འགུལ་དང་དུས་སྟོན་མང་དག་ཅིག་ནས་ཡང་གདན་ཞུས་དང་གདེངས་འཇོག་མི་དམན་པ་ཐོབ་ཡོད་འདུག་སྟེ། དཔེར་ན། 2013ལོར། རྒྱལ་ནང་གི་གསེར་རྟའི་བྱ་དགའ་ཐོབ་པ་དང་། 2014ལོར་ཤང་ཀང་གི་གློག་བརྙན་དུས་ཆེན་སྟེང་དུ“མེ་བྱ”ཡི་རྟགས་མ་ཐོབ་པ་རེད།

《མཆོད་མེ》ཞེས་པའི་གློག་བརྙན་ནི་གཏན་འཇགས་ཀྱི་གནས་ས་ཞིག་ནས་ཡུལ་ལྗོངས་རྣམ་པ་མི་འདྲ་བ་དྲུག་ལ་བརྟེན་ནས་ཕབས་པ་ཡིན་ལ། ཚོད་འཛིན་གྱི་ནུས་པ་དང་གསོན་ཤུགས་ལྡན་པའི་རྣམ་པ་བཅས་ཀྱིས་ཧུའུ་ཝེ་ལགས་ཀྱི་སྒྱུ་རྩལ་གྱི་མཚོན་སྟོབས་མངོན་ཐུབ་པ་དང་། དེང་དུས་ཀྱི་གནས་བབ་འོག་ཏུ་སྲོལ་རྒྱུན་རིག་གནས་དང་ཡུལ་གྲུ་གཞན་གྱི་རིག་གནས་ལ་ཐུགས་ཁུར་བྱེད་སྟངས་རིགས་ཤིག་མཚོན།

《མཆོད་མེ》ཞེས་པའི་ནང་། བོད་རིགས་ཀྱི་གཞོན་ནུ་པར་བ་ཞིག་གིས་རང་གི་ལས་རོགས་ཁྲིད་དེ་འབྲོག་ཁུལ་ཞིག་ཏུ་བསླེབས་ནས། ས་དེ་གའི་འབྲོག་པ་ཚོའི་འཚོ་བ་པར་དུ་བླངས་པ་བརྗོད་པའི་གློག་བརྙན་ཞིག་ཡིན་ལ། པར་ལེན་མཁན་གྱི་མིག་ལམ་དུ་འཛམ་གླིང་ཅན་གྱི་རླབས་རྒྱུན་འོག་སྔར་བཞིན་བོད་མི་རིགས་ཀྱིས་རང་གི་རིག་གནས་མི་ཉམས་པར་སྲོལ་རྒྱུན་གྱི་རྣམ་པ་དེ་རྒྱུན་མཐུད་བྱས་ཡོད་པར་བསྔགས་བརྗོད་བྱས་པའི་གློག་བརྙན་ཞིག་རེད།།

ཨོ་ཟི་ཁཱ་རྟགས་མ་ལ་སློབ་གླིང་རྟགས་མ།

ཨོ་ཟི་ཁཱ་རྟགས་མ་ལ་སློབ་གླིང་རྟགས་མ(Academy Award)འང་ཟེར་ཏེ། དེ་ནི་སྤྱི་ལོ་༡༩༢༨ལོར་ཨ་རིའི་གློག་བརྙན་སྒྱུ་རྩལ་དང་ཚན་རིག་གླིང(Academy of Motion Picture Arts and Sciences)གིས་བཙུགས་པ་ཞིག་ཡིན། མཛད་སྒོ་དེ་ཨ་རིའི་ཁཱ་ལེ་ཧྥོ་ཉི་ཡཱར་གཞིས་ཆགས་པའི་ཧཱོ་ལི་ཨུ་ནས་ལོ་རེར་ཐེངས་གཅིག་རེར་སྤེལ་བ་ཞིག་ཡིན་ཅིང་། གཙོ་བོར་ཕུལ་ཏུ་བྱུང་བའི་ཨ་རིའི་གློག་བརྙན་བརྩམས་ཆོས་ལ་གཟས་པ་ཞིག་ཡིན་ནའང་འཛམ་གླིང་གི་གློག་བརྙན་སྒྱུ་རྩལ་ལ་ཤུགས་རྐྱེན་ཤིན་ཏུ་ཆེ། ཐེངས་འདིའི་བྱ་དགའ་དངོས་སུ་སྩོལ་བའི་མཛད་སྒོ་དེ་སྤྱི་ཟླ2པའི་ཚེས22ཉིན་ཨ་རིའི་གྲོང་ཁྱེར་ལོ་སིན་རྗི(Los angeles)རུ་སྤེལ་རྒྱུ་ཡིན་པ་རེད་།

དཔྱད་མཆན་ཡོད།