༢༠༡༡ལོའི་བོད་བརྙན་གྱི་ཚོགས་མི་རྣམས་མཉམ་དུ་འཛོམས།

1.jpg

         ཟླ༡༢པའི་ཚེས༡༠སྟེ་གཟའ་སྤེན་པའི་ཉིན་གྱི་ཆུ་ཚོད་བཅུ་གཉིས་པར། པེ་ཅིང་དུ་སྡོད་པའི་བོད་བརྙན་གྱི་ཚོགས་མི་དག(མི་རེ་གཉིས་ལས་བྲེལ་གྱི་དབང་གིས་ཞུགས་མ་ཐུབ)མཉམ་དུ་འཛོམས་ཏེ་ད་ལོའི་དགུན་གནང་སྐབས་ཀྱི་ལས་ཀ་ཁག་བགོས་བཀོད་སྒྲིག་བྱས་པ་དང་། དུས་མཉམ་དུ་བརྙན་ཡིག་བསྒྱུར་སྟངས་དང་ཚད་གཞི། ཁ་སྐད་ལ་ཇི་ལྟར་བསྟུན་དགོས་ཚུལ། མི་མིང་ས་མིང་སོགས་བསྒྱུར་དུས(རྗེས་ལ་མ་ཡིག་གུག་རྟགས་ནང་བཞག་རྗེས་ཞུ་དག་སྐབས་སུ་གཅིག་གྱུར་བྱེད)མཉམ་འཇོག་དགོས་པ་གང་དག་ཡོད་ཚུལ་སོགས་གུང་ཚིགས་མཉམ་གསོལ་སྐབས་ཁ་བརྡ་ལྷུག་པོར་བྱས་པ་དང་། དེའི་ནང་གི་ནང་དོན་གལ་ཆེ་བ་གཞན་ཞིག་ནི། སྐབས་དང་པོའི་ཚོགས་མི་མང་པོ་སློབ་ཐོན་བྱེད་ལ་ཉེ་བས། སྐབས་རྗེས་མ་རྣམས་ཀྱི་ལས་ཀ་འདིའི་མགོ་རྔ་བར་གསུམ་ལ་སེམས་ཤུགས་གང་ནུས་ཕུད་ནས་བོད་བརྙན་གྱི་སྲོག་རྒྱུན་སྐྱོང་རྒྱུ་ཙམ་མིན་པར། ཚོགས་མིའི་དཔུང་སྡེ་དང་ཁྱབ་བསྒྲགས། དྲྭ་རྒྱའི་གཞི་ཁྱོན་སོགས་གང་ཐད་ནས་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་དེ་རེད།

         དེ་རྗེས་ཚོགས་མི་རྣམས་སློབ་ཁང་དུ་འཛོམས་ནས་ཚོགས་པའི་ལས་ཀ་སྤྱི་དང་། ཡང་འཕྲོས་ཏེ་ཡུལ་སྐད་བར་གྱི་ཁྱད་པར་དང་དེའི་འགལ་ཆ་སེལ་ཐབས་སོགས་གཏམ་གླེང་ཚ་ཚ་འུར་འུར་བྱས་ཏེ། མཐར་ཕྱི་དྲོའི་ཆུ་ཚོད་ལྔ་པའི་སྟེང་བདེ་བླག་ངང་མཇུག་སྒྲིལ།

དཔྱད་མཆན་ཡོད།