བོད་བརྙན་ཚོགས་ཆུང་གི་འདུ་འཛོམས་སྐབས་གཉིས་པ་པེ་ཅིང་ཡིག་ཟམ་སློབ་ཆེན་དུ་འཚོགས།

2.jpg

      ཕྱི་ལོ2012ལོའི་ཟླ3པའི་ཚེས18ཉིན་སྟེ། གཟའ་ཉི་མའི་ཉིན་གུང་གི་ཆུ་ཚོད12སྟེང་བོད་བརྙན་ཚོགས་པའི་སྐབས་གཉིས་པའི་ཚོགས་འདུ་པེ་ཅིང་ཡིག་ཟམ་སློབ་ཆེན་དུ་བདེ་ལེགས་ངང་བསྡུས་ཤིང་།  ཀྲུང་དབྱང་མི་རིཊ་སློབ་ཆེན་དང་པེ་ཅིང་སློབ་ཆེན། པེ་ཅིང་ནགས་ལས་སློབ་ཆེན། པེ་ཅིང་ཡིག་ཟམ་སློབ་ཆེན། པེ་ཅིང་དགེ་འོས་སློབ་ཆེན། པེ་ཅིང་ཕྱི་སྐད་སློབ་ཆེན་བཅས་ནས་ཡིན་པའི་ཚོགས་མི23ཙམ་འདུས། (ཐེངས་འདིར་ཚོགས་མི་རེ་གཉིས་ལས་བྲེལ་གྱི་དབང་དང་རེ་གཉིས་པེ་ཅིང་དུ་བཞུགས་མེད་པར་ལྷ་ས་དང་ཟི་ལིང་ན་ཡོད) གུང་ཇ་ལྷན་གཅིག་ཏུ་གསོལ་རྗེས་བོད་བརྙན་གྱིCEOབཀྲ་ཕུན་གྱིས་མདོ་བཟུང་ནས་ཚོགས་པའི་མིག་སྔར་གྱི་ལས་ཀ་དང་འགན་ཁུར་ཞིབ་རྒྱས་སུ་བཤད་ཅིང་། མ་འོངས་པའི་འཕེལ་ཕྱོགས་ཐད་ཚོགས་མི་སོ་སོ་ནས་རང་གི་བསམ་ཚུལ་འདོན་པར་བསྐུལ་ལ། དོན་གནད་མང་པོ་ཞིག་ལ་བློ་ཁ་འཆམས། 

       ཐེངས་འདིར་དོན་གལ་ཆེན་ཞིག་འགྲུབ་པ་ནི་ཚོགས་པའི་ལས་བགོས་སྔར་ལས་ཞིབ་ཆ་ཅན་ཏུ་བྱས་པ་སྟེ།  བརྙན་ཡིག་བསྒྱུར་སྒྲིག་དང་དྲ་བའི་དོ་དམ། གློག་བརྙན་འཚོལ་སྡུད། ཕྱི་བསྒྲགས་དོ་དམ།  དུས་དེབ་རྩོམ་སྒྲིག  ལག་རྩལ་ཚན་ཁག  དཔྱད་བརྗོད་དང་གསར་འཕྲིན་ཚན་ཁག་བརྒྱད་དུ་ཕྱེས་པས། བོད་བརྙན་ཚོགས་པའི་ལས་ཀ་དེ་སྔར་ལས་ལས་ཆོད་ཅན་ཏུ་འགྱུར་བར་བརྩམས། གཞན་ཡང་ཚོགས་འདུའི་སྟེང་བོད་བརྙན་ལས་ཀར་ཐུགས་གཙིགས་ཆེ་བའི་ཀློག་པ་པོ་རེ་གཉིས་ཀྱི་དགོངས་འཆར་ལྟར། མིག་སྔར་གློག་བརྙན་གསར་ཤོས་ཀྱི་བརྙན་ཡིག་དང་ངོ་སྤྲོད།  དཔྱད་བརྗོད་ཁག་བསྒྱུར་ཏེ་རྒྱ་ཆེའི་ལྟད་མོ་བ་དག་གི་མིག་གི་དགའ་སྟོན་ཏུ་བཤམས་པར་གྲོས་འཆམས་ཤིང་། གོམ་པ་དང་པོ་དེ་སྐད་གྲགས་ཆེ་བའི་ཨ་རིའི་གློག་བརྙན༼ཧུ་གོ༽Hugoབསྒྱུར་བ་ནས་མགོ་རྩོམ་པར་བྱས་པའི་མཐར།  དགོང་དྲོའི་ཆུ་ཚོད5པའི་སྟེང་སྐབས་གཉིས་པའི་ཚོགས་འདུ་རྒྱལ་ཁའི་ངང་མཇུག་སྒྲིལ་ལོ།།

དཔྱད་མཆན་ཡོད།