ཇེ་ལོ་མེ•ཏཱ་བེ•ས་ལིན་གྷ། Jerome David Salinger

  • སྐྱེས་སྐར། 1919ལོའི་ཟླ1པའི་ཚེས1
  • སྐྱེ་ཡུལ། ཨ་རིའི་ཉིའུ་ཡོའོ།
  • ལས་རིགས། ཨ་རིའི་རྩོམ་པ་པོ།
  • ཀློག་གྲངས།

སྐྱེས་སྐར། 1919ལོའི་ཟླ1པའི་ཚེས1

འདས་སྐར། 2010ལོའི་ཟླ1པའི་ཚེས27

སྐྱེས་ཡུལ། ཨ་རིའི་ཉིའུ་ཡོའོ། 

ལས་རིགས། ཨ་རིའི་རྩོམ་པ་པོ།

        ཁོང་ནི་ཉིའུ་ཡོའོ་ཡི་ཡ་ཧུ་ད་པའི་ཁྱིམ་ཚང་ཕྱུག་པོ་ཞིག་ཏུ་སྐྱེས་ཤིང་། ལོ་བཅོ་ལྔའི་སྐབས་སུ་ཨ་ཕས་ལུང་པ་གཞན་ཞིག་གི་དམག་དོན་སློབ་གྲྭ་ཞིག་ལ་བསྐྱལ་བ་དང་། 1936ལོར་དམག་དོན་སློབ་གྲྭ་དེ་ག་ནས་སློབ་མཐར་ཕྱིན། 1937ལོར་ཁོང་གི་ཨ་ཕས་པོ་ལན་དུ་འགྱིག་ཀྲུམ་བཟོ་བའི་ལག་རྩལ་སློབ་པར་མངགས། ཁོང་གིས་ཉིའུ་ཡོའོ་ནས་སློབ་གཉེར་བྱེད་སྐབས། དུས་དེབ་རྩོམ་སྒྲིག་ཁང་འགའ་ལ་རྩོམ་ཡིག་བསྐུར་ཏེ་རྩོམ་བཀོད་མྱོང་ཞིང་། སྐབས་དེར་ཕལ་ཆེ་བ་རྩོམ་ཡོན་ལ་དམིགས་ནས་བྲིས་པ་ཡིན་མོད། 《ངང་ལག་ཉ་བཟུང་མའི་ཉིན་བཟང》ལྟ་བུའི་རྩོམ་བཟང་གྲས་རེ་གཉིས་ཀྱང་ཡོད་དོ། །

     འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པས་སེ་ལེན་གེ་ཡི་རྩོམ་འབྲིའི་བྱ་བར་གེགས་བྱས་པས། 1942ལོར་ཁོང་དམག་མིར་བཞུགས་པ་དང་། 1944ལོར་ཡོ་རོབ་གླིང་གི་གཡུལ་སར་བཞུགས་ནས་གསང་མྱུལ་བར་རྒོལ་བའི་ལས་ཀ་བསྒྲུབས།  དམག་འཁྲུག་གི་སྐྱི་གཡའ་བའི་རྣམ་པ་དེ་ཁོང་གིས་དངོས་སུ་བརྒྱུད་མྱོང་བས། རྗེས་སུ་ཁོང་གིས་དམག་འཁྲུག་བརྗོད་བྱར་བཟུང་པའི་བརྩམས་ཆོས་མང་པོ་ཞིག་བྲིས་མྱོང་། 

      1946ལོར་དམག་དཔུང་ལས་བུད་པ་དང་། ཉིའུ་ཡོའོ་རུ་ལོག་ནས་བློ་སེམས་རྩེ་གཅིག་གིས་གསར་རྩོམ་གྱི་ལས་ལ་ཞུགས། ཁོང་གི་སྒྲུང་རིང་ཐོག་མ《གྲོ་ཞིང་ཁའི་རེ་ལྟོས་མཁན》ཞེས་པ་ནི1951ལོར་པར་དུ་བསྐྲུན་པ་དང་། བརྩམས་ཆོས་དེ་ལེགས་གྲུབ་བྱུང་བ་ནས་ཁོང་མྱུར་དུ་སྐད་གྲགས་ཆེ་བའི་མི་སྣར་གྱུར། འོན་ཀྱང་དེའི་རྗེས་ཀྱི་ཁོང་གི་བརྩམས་ཆོས《ཤིང་བཟོ་ལགས། ཁང་བའི་གདུང་མ་མཐོ་རུ་འདེགས་རོགས།》 《ཞུའུ་མོའི་རྣམ་ཐར་ཐུང་ངུ》དང་། ཁོང་གི་སྒྲུང་ཐུང་གཅེས་བཏུས《གཏམ་རྒྱུད་དགུ་མ》རྣམས《གྲོ་ཞིང་ཁའི་རེ་བལྟོས་མཁན》ལྟ་བུའི་ལེགས་གྲུབ་བྱུང་མེད་པ་རེད།

      ཁོང་གི་བརྩམས་སྒྲུང《གྲོ་ཞིང་ཁའི་རེ་ལྟོས་མཁན》ནི་དུས་རབས་ཉི་ཤུ་བའི་ཨ་རིའི་རྩོམ་རིག་གི་གསུང་རབ་བརྩམས་ཆོས་གྲས་ཀྱི་གཅིག་ཡིན་པ་དང་། དཔེ་ཆ་འདི་འཛམ་གླིང་གི་ཁྱབ་ཁོངས་ནས་དེབ་བྱེ་བ་བདུན་ལྷག་པར་དུ་བསྐྲུན་མྱོང་། སེ་ལེན་ཀི་ནི་བསམ་ཤེས་དང་འཇོན་ཐང་ཅན་གྱི་ན་གཞོན་པའི་སྣང་བརྙན་བཞེངས་བསྐྲུན་བྱེད་པར་ཧ་ཅང་མཁས་ཤིང་། སྒྲུང་གཏམ་འདིའི་མི་སྣ་གཙོ་བོ་ཧོའར་ཏོན་ནི་ཨ་རིའི་དེང་རབས་རྩོམ་རིག་ཁྲོད་བྱུང་བའི་ཆེས་སྔ་བའི་དཔའ་བོའི་སྣང་བརྙན་ལ་རྒོལ་བའི་མཚོན་བྱེད་ཡིན། སྐབས་དེའི་ཨ་རིའི་ན་གཞོན་ཀློག་པ་པོ་ཚོས་ཧོའར་ཏོན་གྱི་སྟེང་ནས་རང་ཉིད་ཀྱི་གྲིབ་གཟུགས་རྙེད་ཐུབ་པའམ་ཁོ་དང་མྱོང་བ་འདྲ་བས། སྣང་བརྙན་འདི་ལ་ན་གཞོན་པ་ཀུན་གྱི་ཁས་ལེན་ཐོབ་པ་དང་། ཧོའར་ཏོན་གྱི་སྐད་ཆ་དང་བྱ་བྱེད། གོན་པའི་ཆ་ལུགས་སོགས་དར་སྲོལ་ཞིག་ཏུ་གྱུར་ནས་ན་གཞོན་ཚོས་ལད་ཟློས་ཆེན་པོ་བྱས་པ་རེད།

      《གྲོ་ཞིང་ཁའི་རེ་ལྟོས་མཁན》བྲིས་པ་ལེགས་གྲུབ་བྱུང་རྗེས། ཁོང་གིས་ཞིན་ཧན་པུའུ་ཧྲིར་ཁུལ་གྱི་གྲོང་གསེབ་ནས་རི་མགོ་ཞིག་ཏུ་ཁང་པ་བསྐྲུན་ཞིང་འདུ་འཛི་དང་གཏན་བྲལ་གྱི་འཚོ་བ་ལ་རོལ། སེ་ལེན་ཀི་ཁེར་རྐྱང་དུ་བསྡད་པས་ཁོའི་སྨྲ་བ་ཉུང་བའི་གཤིས་ཀ་མངོན་གསལ་དུ་གྱུར། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་རྩོམ་འབྲིའི་རྒྱུན་གློད་མ་མྱོང། འོན་ཀྱང་1951ལོ་ནས་བཟུང་རྩོམ་སྒྲིག་བྱས་ཟིན་པའི་རང་ཉིད་ཀྱི་བརྩམས་ཆོས་ཤིན་ཏུ་ཉུང་། དེ་མིན་ཁོའི་དུས་མཇུག་ཀྱི་བརྩམས་ཆོས་ནི་ཤར་ཕྱོགས་མཚན་ཉིད་རིག་པ་དང་རྒྱ་བརྒྱུད་ནང་བསྟན་གྱི་བསམ་གཏན་པར་ཅུང་བློ་ཁ་ཕྱོགས་ཏེ་བྲིས་ཡོད་པ་རེད།

        ཁོང་ཡོ་རོབ་གླིང་དུ་སྡོད་སྐབས་བུད་མེད་སྨན་པ་ཞིག་དང་གཉེན་བསྒྲིགས། འོན་ཀྱང་ཅུང་མ་འགོར་བར་གཉེན་འཐོར་བྱས། 1953ལོར་ཁོང་ཉིད་མིང་ལ་ཁུ་ལེའར་ཏོ་ཀུ་ལ་སི་ཟེར་བའི་སློབ་མ་བུ་མོ་ཞིག་དང་ངོ་ཤེས་ཤིང་བརྩེ་བ་ཆགས་པས1955ལོར་གཉེན་བསྒྲིགས། རྗེས་སུ་སྔར་ལྟར་གཉེན་འཐོར་བྱས། 1972ལོར་སེ་ལེན་གེ་ཁོང་ཆའོ་དབྱི་སི་མའེ་ན་ཏའེ་ཟེར་བའི་ཡའེ་ལུའུ་སློབ་ཆེན་གྱི་སློབ་མ་ཞིག་དང་འགྲོགས་མོད། ཟླ་བཅུ་ཙམ་མ་འགོར་བར་སླར་ཡང་རང་རང་སར་འཐོར་སོང་།

       1999ལོར། ལོ་ངོ་སུམ་ཅུ་སོ་བཞིའི་རིང་ལ་བརྩམས་ཆོས་གཅིག་ཀྱང་མ་བྱུང་བའི་སེ་ལེན་ཀི་ཡིས་སྒྲུང་རིང་གསར་བ《ཧོ་ཕུ་བེར་ཟི16,1924》སྤེལ། དེ་ཆེས་ཐོག་མར1965ལོའི་《ཉིའུ་ཡོའོ་སྐབས་དོན་ཚགས་པར》དུ་སྒྲུང་ཐུང་གི་རྣམ་པར་སྤེལ་འདུག  ཁོང་གིས་བརྩམས་ཆོས་དེའི་པར་སྐྲུན་དབང་ཆ་པར་སྐྲུན་ཀུང་སི་ཆུང་ངུ་ཞིག་ལ་གནང་བ་རེད།

         2010 ལོའི་ཟླ་1པའི་ཚེས27 ཉིན་ཞིན་ཧན་པུའུ་ཧྲིར་ཁུལ་གྱི་རང་ཁྱིམ་དུ་སྐུ་གཤེགས། ལོ་དེར་ཁོང་དགུང་ལོ་གོ་གཅིག་ཡིན་ནོ། །

བརྩམས་ཆོས་གཙོ་བོ།

 

སྒྲུང་རིང་།

   《གྲོ་ཞིང་ཁའི་རེ་ལྟོས་མཁན།》(1951ལོར) 《ཧོ་ཕུ་བེར་ཟི 16,1924》(1999ལོར)

སྒྲུང་འབྲིང་།

    《ཧྥོ་ལན་ནེ་དང་གྲོ་འེལ》(1961ལོར) 《ཤིང་བཟོ་ལགས། ཁང་བའི་གདུང་མ་མཐོ་རུ་འདེགས་རོགས》དང་《ཞུའུ་མོའི་རྣམ་ཐར་ཐུང་བ》(1963ལོར)

སྒྲུང་ཐུང་།

  《 ཧོ་ཕུ་བེར་ཟི16,1924》(1965ལོར)《 གཏམ་རྒྱུད་དགུ་མ》 (1953 ལོར) 

  《ངང་ལག་ཉ་བཟུང་མའི་ཉིན་བཟང》《ཧྥོ་ལན་ནེ་དང་གྲོ་འེལ¡·(1955ལོར) 

 《ཙོའི་ཡུ》(1957ལོར)

           ངོ་སྤྲོད་བྱེད་མཁན། བྱང་ཆུབ་ལྷ་མོ།

དཔྱད་མཆན་ཡོད།