ཨུ་རུ་སུའི་རྩོམ་པ་པོ། ཞིབ་བཤེར་པ་དང་ཀློག་པ་པོ།[སྟོད་ཆ]

 ཝི་ལ་ཏི་མིར ན་པོ་ཁོབ(Vladimir Nabokov)ཀྱིས་བརྩམས།[1]
ལྡོང་བུས་བསྒྱུར།[2]

  [རྩོམ་འདི་ནི་ཕ་ཡུལ་ཨུ་རུ་སུ་ཡིན་པའི་ཨ་མེ་རི་ཁའི་རྩོམ་རིག་སྨྲ་བའི་མཁས་ཆེན་ན་པོ་ཁོབ་ཀྱི་ཨུ་རུ་སུའི་རྩོམ་རིག་སྐོར་གྱི་འཆད་ཁྲིད་ཅེས་པའི་དེབ་ལས་བསྒྱུར་ཅིང་། ཡིན་པ་ནི1958ལོའི་ཟླ་བཞི་པའི་ཚེས་བཅུ་ཉིན་ཁོང་གིས་ཁོར་ནེལ་སློབ་ཆེན(Cornell University)གྱི་སྒྱུ་རྩལ་དུས་ཆེན་དུ་གནང་བའི་གསུང་བཤད་རེད་འདུག ཁོང་གིས་སོ་ཝེད་ཀྱི་སྤྱི་ཚོགས་རིང་ལུགས་མ་བཙུགས་སྔོན་དང་རྗེས་ཀྱི་རྩོམ་རིག་གཉིས་བསྡུར་ནས་རྩོམ་རིག་གི་གནས་སྟངས། སྲིད་གཞུང་གི་ཞིབ་བཤེར། ཉེན་རྟོག་པའི་བཀག་སྡོམ། མཁོ་བེད་གཙོར་འཛིན་པའི་སྐྱོན་བརྗོད་པ། སྒྱུ་རྩལ་པའི་དཀའ་ཁག་དང་ཀློག་པ་པོ་རབ་ཀྱི་ཆ་རྐྱེན་སོགས་བརྗོད་གཞི་ལ་དཔྱད་ཡོད་པས། སོ་ཝེད་མིག་དཔེ་རུ་འཛིན་མྱོང་བའི་ཀྲུང་གོའི་ལམ་ལུགས་དང་གནས་སྟངས་ལ་ལྟ་བའི་མེ་ལོང་དུ་མཐོང་ཆོག མ་ཡིག་དང་རྒྱ་འགྱུར་མ་གཉིས་ཀར་བལྟ་དུས་རྒྱ་འགྱུར་དུ་འགྱུར་ཆད་པ་སྟེ་ཆབ་སྲིད་ཀྱི་དགོས་དབང་གིས་བསམ་བཞིན་དུ་མ་བསྒྱུར་བ་ཁག་ཅིག་འདུག་པར། དེབ་འདི་གཅིག་པུ་རང་མ་ཡིན་པར་རྒྱ་འགྱུར་གྱི་དེབ་གཞན་དང་གཞན་དུའང་འདི་དང་འདི་རིགས། དགོས་པ་གང་མང་ལ་བརྟེན་ནས་བསམ་བཞིན་དུ་མ་བསྒྱུར་བ་དང་ལོག་པར་བསྒྱུར་བ་ལྟ་བུ་མང་བས། རང་རེའི་འཛམ་གླིང་ལ་ལྟ་བའི་མིག་གང་དེ་རྒྱ་ཡིག་གི་སྐད་ཆའི་དབང་ཤུགས་དང་སྒྲོག་ལས་ཐར་ནས་སྐད་རིགས་གཞན་ལམ་གྱི་གནས་ཚུལ་དང་གཞུང་། ཡང་དག་པ་དང་ཇི་བཞིན་པ་རྟོགས་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་ནས་འདིར་མ་ཡིག་ལས་བོད་ཡིག་ཏུ་ཆད་ལྷག་མེད་པར་བསྒྱུར་ཁུལ་བགྱིས་པ་འདི། སྐད་རིགས་གཞན་ལས་བོད་སྐད་ལ་ཐད་ཀར་བསྒྱུར་བའི་རྩོམ་མང་དང་མང་དུ་འཕེལ་བའི་རྒྱུ་རུ་གྱུར་ཅིག་གུ། །ཀུན་གྱིས་ཡོ་བསྲང་འཁྲུལ་སེལ་ཡོད་པར་ཤོག །]
 

  “ཨུ་རུ་སུའི་རྩོམ་རིག”ཅེས་པ་འདི་དོན་སྤྱི་ཞིག་དང་ཁ་རི་ཁ་ཐུག་གི་འཆར་སྣང་ཞིག་ཏུ་མཐོང་བའི་ངོས་ནས། ཨུ་རུ་སུ་པ་མ་ཡིན་པ་དག་ལ་ནི་དུས་རབས་བཅུ་དགུ་པའི་དཀྱིལ་ནས་ཉི་ཤུ་པའི་ཐོག་མའི་ལོ་བཅུ་ལྷག་གི་རིང་དུ། ཨུ་རུ་སུ་ལ་སྒྲུང་གཏམ་རྩོམ་མཁན་ཁྱད་དུ་འཕགས་པ་ཁག་ཅིག་བྱུང་ཡོད་པ་ཧ་གོ་བ་ཙམ་ལས་མ་འདས་མོད། སྒྲུང་གཏམ་པ་དེ་དག་ཕུད་སྐད་རིགས་གཞན་ལ་བསྒྱུར་ཐབས་བྲལ་བའི་སྙན་ངག་པ་སྐོར་ཞིག་ཀྱང་མཆིས་པས། དོན་སྤྱི་དེ་ཨུ་རུ་སུ་པ་དག་གི་སེམས་ལ་དེ་བས་ཀྱང་ཕུན་སུམ་ཚོགས་ལ་ཆ་ཚང་བ་ཞིག་ཏུ་གྲུབ་ཡོད། དེ་ལྟ་ནའང་ས་སྐྱེས་རྡོ་སྐྱེས་ཀྱི་མི་འདི་དག་གིས་ཀྱང་དུས་རབས་བཅུ་དགུ་པའི་དཀྱིལ་འཁོར་བཀྲག་མདངས་འཚེར་བ་འདི་འབའ་ཞིག་ལྟེ་བར་བྱེད། ཡང་ན“ཨུ་རུ་སུའི་རྩོམ་རིག”ཅེས་པ་ཉེ་རབས་ཀྱི་བྱུང་བ་ཞིག་ཏུ་བཤད་ཀྱང་རུང་མོད། ཕྱི་རྒྱལ་པ་དག་གིས་བྱུང་བ་ཁ་མི་ཚང་བ་འདི་ཡོངས་སུ་རྫོགས་པ་ཞིག་དང་། སྔོན་ཞིག་ནས་དུས་ཇི་སྲིད་བར་དུ་གྲུབ་ཚར་པ་ཞིག་ཏུ་ངོས་འཛིན། འདིའི་རྒྱུ་མཚན་གཙོ་བོ་ནི་སོ་ཝེད(the Soviet)དུས་སྐབས་ཀྱི་མཐའི་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་བྱུང་བའི་རྩོམ་མཐའ་དག་ལུང་པ་ཙམ་གྱི་རྩོམ་རིག་འཁྲུལ་མེད་དུ་མངོན་ཏེ་སྐམ་ཐེར་ཐེར་སྟོང་ལྷང་ལྷང་དུ་འདུག་པའི་ཕྱིར་རོ། །

  ངས་སྔོན་ཞིག་ལ་དུས་རབས་བཅུ་དགུ་པའི་དུས་མགོ་ནས་ད་རག་བར་དུ་བརྩམས་པའི་ཨུ་རུ་སུའི་སྒྲུང་གཏམ་དང་སྙན་ངག་ལེགས་པོ་ཀུན་གྱི་ཁས་ལེན་ཐོབ་པ་དག་ལ་གྲངས་ཀ་ཞིག་བླངས་པར། དེ་དག་དཔར་སྤྱིར་བཏང་བ་བཞིན་པར་དུ་བཏབ་ནའང་ཁྱོན་བསྡོམས་ཤོག་ལྷེ23000ཙམ་ལས་སླེབས་ཀྱི་མི་འདུག ཧྥ་རན་སིའམ་དབྱིན་ཇིའི་རྩོམ་རིག་ནི་དུས་རབས་ཧ་ཅང་མང་པོར་རྒྱུན་བསྲིངས་ཤིང་རྩོམ་རབ་ཀྱང་བགྲང་ལས་འདས་པ་ཞིག་མཆིས་པས། དེ་གཉིས་གང་ཡིན་ཡང་ཚད་ཆུང་ངུ་འདི་འདྲ་ཞིག་ཏུ་བསྡུ་ཐབས་མེད་པ་ཐག་ཆོད་ཡིན། འདིས་ང་ཡི་གླེང་གཞི་དང་པོ་དྲངས་ཡོང་བ་སྟེ། ཨུ་རུ་སུའི་ལྷུག་མའི་ཤོང་ཆེ་ཚད་ཡིད་དུ་འོང་བ་ནི། དུས་རབས་བར་མའི་སྐབས་ཀྱི་བརྩམས་ཆོས་གཅིག་ཕྱིར་ཕུད་པའི་ལྷག་མ་མཐའ་དག་དུས་རབས་གཅིག་གི་རྫ་བུམ་ལོང་གཉིས་མ་སྐེ་ཕྲ་ཞིག་ཏུ་ཤོང་ཐུབ་ཅིང་། དེའི་རྗེས་ནས་ད་བར་དུ་བྱུང་བའི་ལྷག་མ་ཙམ་པོ་དག་ལ་འོ་སྣོད་ཆུང་ངུ་ཞིག་གིས་འཐུས་སོ། །དུས་རབས་བཅུ་དགུ་པ་སྟེ་དུས་རབས་འདི་གཅིག་པུའི་རིང་ལ། ཧ་ལམ་རང་ལ་རྩོམ་རིག་གི་སྲོལ་རྒྱུན་མེད་པའི་རྒྱལ་ཁབ་འདིས། རྩོམ་རིག་གང་དེ་སྒྱུ་རྩལ་གྱི་རིན་ཐང་འཕགས་ཤིང་འཛམ་གླིང་ལ་ཤུགས་རྐྱེན་ཤིན་ཏུ་ཆེ་བ། གྲངས་ཀྱི་ཆ་ནས་མ་གཏོགས་ཕྱོགས་ཐམས་ཅད་ནས་དབྱིན་ཇིའམ་ཧྥ་རན་སི་ལ་འགྲན་དུ་བྲ་བ་ཞིག་གསར་དུ་བརྩམས་ཡོད་ཅིང་། ཆ་དེ་གཅིག་པུའང་རྒྱལ་ཁབ་དེ་གཉིས་ཀྱི་བརྩམས་ཆོས་གྲགས་ཅན་དག་གི་བྱུང་བ་ཤིན་ཏུ་སྔ་བ་ཁོ་ནའི་ཕྱིར་རོ། །དེ་ཡང་དུས་རབས་བཅུ་དགུ་པའི་ཨུ་རུ་སུའི་བསམ་པའི་ངོས་གཞན་དག་ལ་འཕེལ་ཁ་དེ་འདྲ་ཤིན་ཏུ་མགྱོགས་པོ་ཞིག་མ་བྱུང་བར། ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྙིང་པ་དག་གི་རིག་གནས་དང་བསྡུར་ཐབས་ཁྱོན་ནས་མི་བཟོད་པས། ད་གཟོད་མཛེས་རིག་གི་རིན་ཐང་ངོ་མཚར་བ་འདི་འདྲ་ཞིག་ཤེས་རིག་གསར་དུ་དར་བའི་རྒྱལ་ཁབ་ལོ་ཆུང་འདི་རུ་བྱུང་བ་རེད། དུས་དེའི་ཨུ་རུ་སུའི་བྱུང་བར་ངོས་འཛིན་པ་ནི་ཕྱི་རྒྱལ་པ་ཞིག་གི་དོན་སྤྱིའི་ཁྲོད་ཀྱི་ཨུ་རུ་སུའི་ལོ་རྒྱུས་ཀྱི་གྲུབ་ཆ་ཞིག་མིན་པ་ངས་གསལ་ལེར་ཤེས་ཀྱི་ཡོད། གསར་བརྗེའི་སྔོན་གྱི་ཨུ་རུ་སུའི་རང་དབང་རིང་ལུགས་ཀྱི་བསམ་བློའི་འཕེལ་འགྱུར་གྱི་གནད་དོན་འདི། དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུ་སུམ་ཅུའི་ནང་གི་དམར་ཤོག་པའི་དྲིལ་བསྒྲགས་ཀྱིས་ཡོངས་སུ་མི་གསལ་བ་དང་ཕྱིན་ཅི་ལོག་པར་བཟོས། ཁོ་ཚོས་ཨུ་རུ་སུ་ལ་རིག་གནས་ཀྱི་དཔལ་ཡོན་སྤེལ་བའི་མཚན་སྙན་རྦད་དེ་བཙན་འཕྲོག་བྱས། འོན་ཀྱང་ཕུ་ཤི་ཀིན(Pushkin)ནམ་གོ་གོལ(Gogol)གྱི་དུས་སྐབས་གང་ཡིན་ཡང་། ཨུ་རུ་སུའི་མི་རིགས་ཀྱི་མི་གྲངས་འབོར་ཆེན་པོ་ཞིག་གྲང་ཤུར་ཤུར་གྱི་ཁ་བ་དལ་ཞིང་མཐུག་པོའི་ཀློང་གི་སྒེའུ་ཁུང་སྤོས་ཤེལ་འོད་འཚེར་བ་ལྟ་བུ་རུ་སྐྱབས་མེད་ངང་ལུས་བསྡད་ཡོད་པའང་བདེན་པ་ཡིན་ལ། གོད་ཆག་འདིའི་འབྱུང་རྐྱེན་ཀྱང་རྒྱལ་ཁབ་གང་སྐྱེ་འགྲོ་རྣམས་འཚོ་བའི་དཀའ་ཁག་རི་ལྟར་ལྕི་བ་དང་། སེམས་ཅན་ཉམ་ཆུང་གྲངས་མེད་པ་ཞིག་ཉམ་ཐག་པར་འཚོ་བ་ཡིས་ཀུན་ལ་གྲགས་པ་འདི་རུ། ཡོ་རོབ་ཀྱི་རིག་གནས་ཡ་རབས་ཞི་དུལ་གྱི་མཐར་སོན་པ་དེ་སླེབས་པ་ཤིན་ཏུ་མགྱོགས་དྲགས་པས་ཡིན་མོད། འདི་ནི་གླེང་གཞི་གཞན་ཞིག་ཡིན་བསྐྱུར་བར་རིགས།

  གཅིག་བྱས་ན་དེའང་མིན་ཀྱང་སྲིད། དེ་ཡང་ཨུ་རུ་སུའི་ཉེ་རབས་རྩོམ་རིག་གི་ལོ་རྒྱུས་བརྗོད་པའི་སྐབས་སམ། ཡང་ན་དེ་ལས་གནད་ལ་ཁེལ་པར་སྒྱུ་རྩལ་པ་ཡི་སེམས་དབང་དུ་བསྡུ་བར་འབད་པའི་དཔུང་ཤུགས་དག་སོ་སོར་གསལ་བར་བྱེད་པའི་ཚེ། གལ་སྲིད་ང་ལ་རླུང་རྟ་ཡག་པོ་དར་ན། ངས་སྒྱུ་རྩལ་དོན་དམ་པ་ཐམས་ཅད་ལ་མངའ་བའི་སྐྱོ་ཤས་དང་སྙིང་རྗེ་ཟབ་མོ་དེ་རྙེད་པར་སྲིད་དེ། རྒྱུ་མཚན་ནི་སྒྱུ་རྩལ་གྱི་རིན་ཐང་ཉམས་པ་མེད་པ་དང་ཟང་ཟིང་འཇིག་རྟེན་འདིའི་སྡུག་བསྔལ་གྱི་བར་དུ་དབྲག་ཆེན་པོ་ཞིག་ཡོད་པས་ཡིན། དེ་བས་ན་འཇིག་རྟེན་འདིས་ལམ་ཡིག་གསར་ཤོས་སུ་སྤྱོད་མི་ཐུབ་པའི་རྩོམ་རིག་གང་དེ་རྒྱས་སྤྲོས་ཤིག་གམ་རྩེད་ཆས་ཤིག་ཏུ་མཐོང་བ་ལའང་ཡ་མཚར་སྐྱེ་རྒྱུ་ཅི་ཡང་མི་འདུག

  རྒྱལ་ཁབ་རང་དབང་ལྡན་པ་ཞིག་ཏུ་སྒྱུ་རྩལ་པ་ལ་བཙན་གྱིས་ལམ་ཡིག་ཅིག་བཟོ་རུ་འཇུག་གི་མེད་དེ། དེ་ནི་ཁོའི་སེམས་གསོ་ཞིག་ཅི་ལ་མིན། དེས་ན་མཐོང་སྟངས་ཚད་ཡོད་པ་འདི་ལས་བལྟས་ཚེ། ཡ་མཚར་བ་ཞིག་ལ་དུས་རབས་བཅུ་དགུ་པའི་ཨུ་རུ་སུའང་རྒྱལ་ཁབ་རང་དབང་ལྡན་པ་ཞིག་ཡིན་ཏེ། དེབ་དག་བཀག་ཅིང་རྩོམ་པ་པོ་དག་རྒྱང་ཕུད་གཏོང་སྲིད་ལ། ཞིབ་བཤེར་པ་དག་ནི་ཁྲམ་པ་དང་གླེན་པ་ཡིན་སྲིད། སྨ་ར་ཅན་གྱི་གོང་མ་ཛཱར(Tsars)གྱིས་རྐང་བ་རྡེབ་ཅིང་གད་རྒྱངས་སྒྲོག་སྲིད། ཡིན་ནའང་སོ་ཝེད་དུས་སྐབས་ཀྱི་བྱས་རྗེས་ཡག་པོ་སྟེ། རྩོམ་པ་པོའི་ལྷན་ཚོགས་ཐམས་ཅད་ཀྱིས་རྒྱལ་ཁབ་ཀྱིས་ཆོག་མཆན་ཐོབ་པ་འབའ་ཞིག་རྩོམ་དུ་འབྲི་དགོས་པའི་བྱེད་ཐབས་འདི་ལྟ་བུ། སྤྱིར་ན་ཨུ་རུ་སུ་རྙིང་པའི་དུས་ཀྱི་དཔོན་པོ་ལོག་སྤྱོད་པ་དག་གིས་ལག་ཆ་འདི་འདྲ་ཞིག་ཨེ་རྙེད་ལ་རེ་བ་བཅངས་ཡོད་པ་བསྙོན་དུ་མེད་ནའང་། སྐབས་དེ་ལའང་འདི་འདྲ་ཞིག་གོ་མྱོང་མཐོང་མྱོང་མེད། ལྟོས་གྲུབ་སྨྲ་བ(determinist)ལ་ཡིད་ཆེས་བརྟན་པ་ཞིག་གིས། དམངས་གཙོ་རྒྱལ་ཁབ་ཀྱི་དུས་དེབ་ཅིག་གིས་རྩོམ་པ་པོ་ལ་དངུལ་སྒོར་གྱི་གནོན་ཤུགས་སྤྲད་ནས་ཀློག་མཁན་མི་མང་གིས་རེ་བར་གྲགས་པ་གང་དེ་འབྲི་རུ་འཇུག་པ་དང་། ཉེན་རྟོག་པའི་རྒྱལ་ཁབ་ཅིག་གིས་ཁ་རི་ཁ་ཐུག་གི་བཙན་དབང་གིས་རྩོམ་པ་པོ་ལ་ཁོའི་སྒྲུང་གཏམ་དུ་ཆབ་སྲིད་ཀྱི་བརྡ་འཕྲིན་རན་པོ་ཞིག་སྒྲོག་ཏུ་འཇུག་པ་འདི་གཉིས་ཀྱི་བར་དུ་ཚད་ཀྱི་དྲག་ཞན་ཙམ་ལས་ཁྱད་པར་ཆེན་པོ་མེད་ཅེས་རྩོད་པར་བྱེད་ངེས་མོད། དེ་འདྲ་ཞིག་ཁྱོན་ནས་མ་ཡིན་ལ་རྒྱུ་མཚན་ཡང་ཤིན་ཏུ་སྟབས་བདེ་སྟེ། རྒྱལ་ཁབ་རང་དབང་ལྡན་པ་ཞིག་ཏུ་དུས་དེབ་དང་མཚན་ཉིད་རིག་པའི་ལྟ་བ་མི་འདྲ་བ་མང་དུ་ཡོད་ཀྱང་། སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཅིག་ཏུ་སྲིད་གཞུང་གཅིག་ལས་མེད་པའི་ཕྱིར་རོ། །དེའང་སྤུས་ཀའི་ཁྱད་པར་ཞིག་ཡིན། གལ་སྲིད་ང་སྟེ་ཨ་མེ་རི་ཁའི་རྩོམ་པ་པོ་ཞིག་གིས་ལུགས་སྲོལ་དང་འགལ་བའི་སྒྲུང་གཏམ་ཞིག་སྟེ། དཀོན་མཆོག་མེད་པར་སྨྲ་མཁན་སྐྱིད་པོ་ཞིག བྷོ་སི་ཊོན་པ(Bostoian)སྲིད་དོན་ཤོག་ཁ་གང་ལའང་མི་གཏོགས་པ། མི་ནག་བུད་མེད་མཛེས་མ་ཞིག་དང་ཆང་ས་བརྒྱབ་པ། མོའང་དཀོན་མཆོག་མེད་པར་སྨྲ་མཁན་ཞིག་ཡིན་པ། བུ་བུ་མོ་མང་དུ་བཙས་ཤིང་ཕྲུ་གུ་སྙིང་རྗེ་པོ་དེ་དག་ཀྱང་དངོས་མིན་ཁས་མི་ལེན་མཁན་འབའ་ཞིག་ཡིན་པ། ཁོ་རང་ལུས་སེམས་སྐྱིད་ཅིང་གཞན་ལ་ཡིད་བརྩེ་བ། སྤྱོད་པ་ཞི་ཞིང་དུལ་བའི་ངང་དགུང་ལོ106ལ་སོན་པའི་མཐར་རྨི་ལམ་གྱི་ཞིང་ཁམས་ནས་བདེ་བ་ཆེན་པོའི་ངང་དུ་ཚེ་དུས་བྱས་པ་ཞིག་བྲིས་པར་མཛད་ཚེ། ཕ་རོལ་པོས་སྐུ་ཞབས་ན་པོ་ཁོབ་ལགས། ཁྱེད་ལ་རྩོམ་རྩལ་ཁྱད་དུ་འཕགས་པ་ཞིག་ལྡན་པ་ནི་བདེན་མོད། ངེད་ཅག་གི་སྣང་བ(feel)ཞིག་ལ[སྐབས་འདི་ལྟ་བུར་ངེད་ཅག་གི་སྣང་བ་ཞིག་ལ་ཞེས་པ་ལས་ངེད་ཅག་གིས་བསམས་ན(think)ཞེས་མི་སྤྱོད]ཨ་རིའི་དཔེ་སྐྲུན་པ་གཅིག་གིས་ཀྱང་དེབ་འདི་འདྲ་ཞིག་པར་ལ་འདེབས་པའི་ཉེན་ཁ་བརྒྱུད་མི་འདོད་དེ། དེབ་འཚོང་མཁན་སུས་ཀྱང་དེབ་དེ་ལག་ཏུ་ལེན་མི་བསམས་པའི་རྒྱུ་མཚན་སྟབས་བདེ་བ་འདིའི་ཕྱིར་རོ་ཞེས་སྨྲ་སྲིད། འདི་ནི་དཔེ་སྐྲུན་པ་ཡི་ལྟ་བ་རེད་ལ། མི་སུ་དང་སུ་ལའང་ལྟ་བ་སྣ་ཚོགས་འཛིན་པའི་དབང་ཆ་ཡོད་པ་རེད། བརྒྱ་ལ་ཚོད་ལྟ་རང་བཞིན་གྱི་ཀུང་སི་རང་ཚུགས་མི་ཐུབ་པ་ཞིག་གིས་ང་ཡི་དཀོན་མཆོག་མེད་པར་སྨྲ་མཁན་སྐྱིད་པོ་འདི་པར་ལ་བཏབ་པར་གྱུར་ནའང་། ང་རང་ཨ་ལ་སི་ཀ(Alaska)ཡི་མི་མེད་ལུང་སྟོང་ཞིག་ཏུ་རྒྱང་འཕུད་གཏོང་མཁན་ཞིག་ཡོད་ག་ལ་སྲིད་དེ་མི་སྲིད། ཡང་གཅིག་བཤད་ན་ཨ་རིའི་རྩོམ་པ་པོ་ཞིག་ལ་སྒྲུང་གཏམ་དཔེ་མེད་པ་རང་དབང་གི་ཁེ་ལས་དང་ཞོགས་པའི་ཁ་འདོན་གྱི་དགའ་བ་བརྗོད་པ་ཞིག་འབྲི་དགོས་ཞེས་སྲིད་གཞུང་གིས་བཀའ་འཕབ་མི་སྲིད་ལ། སོ་ཝེད་ཡར་སྔོན་གྱི་ཨུ་རུ་སུ་ལའང་དམ་བསྒྲགས་ཡོད་པ་ཙམ་ལས་སྒྱུ་རྩལ་པར་སྒྲིག་ཁྲིམས་བཟོས་པ་ནི་མེད། ཁོ་ཚོ་སྟེ་དུས་རབས་བཅུ་དགུ་པའི་རྩོམ་པ་པོ་དང་། དབྱངས་རྩོམ་མཁན། རི་མོ་པ་དག་གིས་རང་ཉིད་རྒྱལ་ཁབ་གཉའ་གནོན་དང་བྲན་གཡོག་ཡོད་པ་ཞིག་ཏུ་གནས་པ་ཏན་ཏན་ཤེས་ཀྱི་ཡོད་ལ། ད་ལྟ་གཞི་ནས་ཁོ་ཚོར་ཡི་རངས་དགོས་ས་ཞིག་འདུག་པར་ཤེས་པ་ནི་འདི་ལྟ་སྟེ། དེང་རབས་ཀྱི་ཨུ་རུ་སུའི་ཁོ་ཚོའི་བུ་རབས་ཚ་རྒྱུད་དང་མི་འདྲ་བའི་དགེ་མཚན་དཔག་མེད་ཅིག་ཡོད་པ་ནི། ཁོ་ཚོས་བཙན་དབང་གི་རྐྱེན་གྱིས་འདི་རུ་གཉའ་གནོན་མེད་བྲན་གཡོག་མེད་ཅེས་རང་མགོ་རང་གིས་གཡོགས་པའི་སྐད་ཆ་ལབ་མེད་པས་སོ། །

  དེའང་དུས་གཅིག་ཏུ་སྒྱུ་རྩལ་པ་ཡི་སེམས་དབང་དུ་བསྡུ་བར་འབད་པའི་དཔུང་ཤུགས་གཉིས་དང་། སྒྱུ་རྩལ་པ་ཡི་བརྩམས་ཆོས་ལ་དཔྱད་པ་གཏོང་མཁན་གཉིས་ལས་དང་པོ་ནི་སྲིད་གཞུང་རེད། དུས་རབས་བཅུ་དགུ་པའི་སྔ་གཞུག་ཀུན་ཏུ་སྲིད་གཞུང་གིས་རྩོམ་འབྲི་ཐབས་གཞན་ལས་ཁྱད་དུ་འཕགས་པ་དང་སྔ་ན་མེད་པ་ཐམས་ཅད། ཀླག་ཅོར་རྣ་ལ་གཟན་པ་དང་གསར་བརྗེ་ལ་སྤོ་བའི་གོམ་ཆེན་ཡིན་པར་མཐའ་གཅིག་ཏུ་འདོད་ཅིང་། སྲིད་གཞུང་གི་མེལ་ཚེ་བྱེད་སྟངས་ལྷད་མེད་པའི་ངང་ཚུལ་འདི་ལོ་རབས་སུམ་ཅུ་བཞི་བཅུའི་ནང་གི་གོང་མ་ཛཱར་ནི་ཁོ་ལ་སི་སྐུ་ཕྲེང་དང་པོ(Tsar Nicholas I)ལས་ཡོངས་སུ་རྫོགས་པར་མངོན་ཡོད། ཁོའི་རྗེས་འཛིན་ཧྥི་ལི་སི་ཐི་རིང་ལུགས་པ(philistinism)[མཆན། འདི་ནི་རིག་གནས་ལ་དུང་བ་དང་བརྩི་བཀུར་མེད་པ་དང་དེའི་རིགས་ལ་གོ།]དང་བསྡུར་ནའང་ཁོའི་མི་སྒེར་གྱི་གཤིས་ཀ་ཤ་ཚ་སྙིང་རྗེ་མེད་པ་དེས་ཤུགས་རྐྱེན་དེ་བས་ཟབ་མོ་ཐེབས་མྱོང་བས། ཅི་སྟེ་ཁོས་རྩོམ་རིག་ལ་འཆང་བའི་སྤྲོ་བ་དེ་མ་ལྷད་ཞེ་ནས་བྱུང་བ་ཞིག་ཡིན་ཚེ་ཇི་འདྲའི་ཡིད་འཕྲོག་པ་ལ། ཁོས་སྡུག་རུས་ཆེན་པོས་སྐབས་དེའི་ཨུ་རུ་སུའི་རྩོམ་པ་པོ་དག་དང་འབྲེལ་བ་ཅི་ཐུབ་ཐུབ་ཅིག་འཛུགས་མྱོང་བ་སྟེ། པ་ལགས་དང་། ཆོས་ཡབ། ནད་གཡོག ནུ་ཞོ་སྣུན་པའི་མ་མ། བཙོན་ཁང་གི་དོ་དམ་པ། ད་དུང་རྩོམ་རིག་དཔྱད་བརྗོད་པ་བཅས་ཐམས་ཅད་ཁོ་གཅིག་པུའི་ལུས་སྟེང་དུ་འདུས་པར་བྱས་ཡོད། ཁོ་རང་སྤྱི་ལ་དབང་བསྒྱུར་པའི་རྒྱལ་པོ་ཞིག་ཡིན་པའི་བྱ་སྤྱོད་དག་ག་རེ་ཡིན་ཡང་། ཁོས་ཨུ་རུ་སུའི་མིའུ་ཟི(Muse)[མཆན། གྷི་རིག་གི་ལྷ་སྒྲུང་དུ་བཤད་པའི་སྒྱུ་རྩལ་གྱི་ལྷ་མོ་སྟེ་དབྱངས་ཅན་མ་ལྟ་བུ་ཞིག]ལ་བརྩམས་པའི་སྦྱོར་བ་ལས་ཁོ་ནི་ངན་ན་ཁྲམ་པ་ཞིག་དང་། བཟང་ནའང་ཨ་ཙ་ར་ཞིག་ལས་མ་འདས། ཞིབ་བཤེར་གྱི་ལམ་ལུགས་ཁོ་སྐུ་དངོས་གནས་བཙུགས་ཏེ་སྤྱི་ལོ1860ལོའི་ལོ་རབས་བར་རྒྱུན་བསྲིངས་པ་འདི། ལོ་རབས་དྲུག་ཅུའི་ནང་གི་བཅོས་བསྒྱུར་ཆེན་མོའི་སྐབས་སུ་ཅུང་ལྷོད་པ་དང་། དུས་རབས་བཅུ་དགུ་པའི་མཐའི་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་སླར་ཇེ་དམ་དུ་གྱུར། དུས་རབས་ཉི་ཤུ་པའི་དུས་མགོའི་དུས་ཡུན་ཐུང་ངུ་ཙམ་ལ་དར་ཅིག་ཉམས་རྒུད་དུ་ཕྱིན་མོད། སོ་ཝེད་ཀྱི་གསར་བརྗེའི་རྗེས་སུ་ཆེས་ཆེར་ཚ་ཚ་འུར་འུར་དང་ཛ་དྲག་འཇིགས་རུང་གི་ངང་ནས་བསྐྱར་དུ་དར་བར་གྱུར།

  དུས་རབས་ཉི་ཤུ་པའི་ཕྱེད་སྔ་མ་རུ། དཔོན་རིགས་བྱུས་གཏོགས་ཚ་པོ་དག་དང་། ཉེན་རྟོག་པའི་འགོ་པ་པེ་རོན(Byron)[མཆན། དུས་རབས་བཅུ་དགུའི་དབྱིན་ཇིའི་སྙན་ངག་པ་ཞིག]ཨི་ཐ་ལིན་གྱི་གསར་བརྗེ་པ་ཞིག་ཏུ་འདོད་མཁན་དག ཞིབ་བཤེར་པ་རྒན་པ་ཁེངས་པས་དྲེགས་པ་དག གསར་འགོད་པ་སྲིད་གཞུང་གིས་གསོས་པ་ཁ་ཅིག ཆོོོས་ཚོགས་སྨྲ་བ་ཉུང་ནའང་དོགས་པ་ཆེ་ལ་ཕོག་ཐུག་བཟོ་སླ་བ་བཅས་ཏེ། རྒྱལ་པོའི་ལུགས(monarchism)དང་། རང་ཤེད་ཅན། གཉའ་ཕབ་མགོ་སྒུར་གྱི་སྲིད་གཞུང་ལས་ཁུངས་བཅས་ཀྱི་མཉམ་སྡེབ་ཤོག་ཁ་འདིས་རྩོམ་པ་པོ་དག་ལ་འགོག་རྐྱེན་མི་ཉུང་བ་ཞིག་བཟོས་ཡོད་ནའང་། དེས་ཀྱང་རྩོམ་པ་པོ་ཚོར་སྒྱུ་རྩལ་ཕྲ་མོའི་སྣ་ཁ་མང་ཞིང་འགྱུར་བ་རྒོད་པ། མགོ་མཇུག་རྟིང་སློག་གི་འབྲི་ཐབས་མི་རྣམས་ལ་དགའ་བ་སྟེར་བ་བཅས་ཀྱི་ལམ་ནས་སྲིད་གཞུང་ལ་རྣག་ཐོག་ཁབ་གཙགས་དང་མཚང་འབྲུ་འཕྱ་ག་གཏོང་བའི་སྤྲོ་བ་འགོག་མེད་ཅིག་བྱིན་ཡོད་ལ། གླེན་ཞད་ཆེ་བའི་སྲིད་གཞུང་གིས་དེ་ལ་ཁྱོན་ནས་ཁ་གཏད་གཅོག་ཐུབ་མེད། གླེན་པ་ཞིག་ནི་མགྲོན་པོ་ཉེན་ཁ་ཅན་ཞིག་ཡིན་སྲིད་ནའང་། གླེན་པ་དེ་ལ་ཀླད་པ་གཉོད་ཁ་ཆུང་བ་ཞིག་ཡོད་པ་དེས་ཉེན་ཁ་དེའང་རྩེད་མོ་རྩེ་ཕུད་ཅིག་ཏུ་བསྒྱུར་ཡོད། ཨུ་རུ་སུའི་ལམ་ལུགས་རྙིང་པ་ལ་སྐྱོན་ཆ་ཅི་ཞིག་མཆིས་ནའང་དེ་ལ་ད་དུང་ལེགས་པའི་ཡོན་ཏན་གཞན་ལས་ལྷག་པ་གཅིག་ཡོད་པ་ནི་གཏན་ནས་བརྗེད་མི་རུང་སྟེ། དེ་ནི་ཀླད་པ་མེད་པ་དེའོ། །ཞིབ་བཤེར་པ་དག་གིས་བརྩམས་ཆོས་ཀྱི་ནང་དུ་བག་མེད་ཚུལ་མིན་གསལ་པོར་མངོན་པ་དག་འགོག་པ་ཙམ་མིན་པར། ཆབ་སྲིད་ཀྱི་བརྡ་དོན་གོ་དཀའ་བ་སྐོར་ཅིག་གསལ་པོར་བཀྲོལ་དགོས་པས། ཁོ་ཚོའི་ལས་ཀ་སྔར་བས་ཁག་ལྕི་པོར་ཕྱིན་ཡོད། གོང་མ་ཛཱར་ནི་ཁོ་ལ་སི་སྐུ་ཕྲེང་དང་པོས་དབང་བསྒྱུར་སྐབས། ཨུ་རུ་སུའི་སྙན་ངག་པ་ཞིག་ཡིན་ཕྱིན་གཟབ་ཟོན་ཆེན་པོ་བྱ་དགོས་ཏེ། ཕུ་ཤི་ཀིན་གྱིས་ཧྥ་རན་སིའི་བསྟན་བཤིག་ཚ་པོའི་མ་དཔེར་ལྟ་ས་ཕར་ནེ(Parny)དང་། ཝོལ་ཐེར(Voltaire)[མཆན། ཧྥ་རན་སིའི་རྩོམ་པ་པོ་གཉིས།]ལ་ལད་མོ་བྱས་པའང་ཞིབ་བཤེར་ལམ་ལུགས་ཀྱིས་ལས་སླ་པོའི་ངང་རྡོག་འོག་ཏུ་རྫི་ཐུབ། འོན་ཀྱང་སྒྲུང་གཏམ་ནི་རྣམ་པར་དག་པ་ཞིག་ཡིན། ཨུ་རུ་སུའི་རྩོམ་རིག་ལ་རྩོམ་རིག་གཞན་དག་ནང་བཞིན་གྱི་ཁ་སངས་པོ་འཛེམ་མེད་ཤོད་པའི་རིག་རྩལ་བསྐྱར་དར་གྱི་རྒྱུན་སྲོལ་ཞིག་མ་བྱུང་སྟབས། དུས་ད་ལྟའི་བར་དུའང་ཨུ་རུ་སུའི་སྒྲུང་གཏམ་ནི་སྒྲུང་གཏམ་ཐམས་ཅད་ལས་རྣམ་དག་ཚུལ་ཁྲིམས་དང་ལྡན་པ་དེ་ཡིན་ཅིང་། སོ་ཝེད་དུས་སྐབས་ཀྱི་ཨུ་རུ་སུའི་རྩོམ་རིག་ནི་དེ་བས་ཀྱང་རྣམ་པར་དག་པ་རང་ཉིད་ཀྱི་དཔེ་རུ་འོས་པས། ཨུ་རུ་སུའི་རྩོམ་པ་པོ་ཞིག་གིས་དཔེར་ན་ལྕམ་མོ་ཆ་ཐེར་ལེ་ཡི་མཛའ་བོ(Lady Chatterley’s Lover)[མཆན། དབྱིན་ཇིའི་རྩོམ་པ་པོ་ལོ་རེན་སི་ཡི་སྒྲུང་གཏམ་ནང་དུ་ཕོ་མོའི་ཆགས་སྲེད་སྐོར་མང་དུ་བྲིས་པ་ཞིག]ལྟ་བུ་ཞིག་འབྲི་བ་ནི་དངོས་གནས་བློ་ཡུལ་ལའང་ཤོང་དཀའ་བ་ཞིག་གོ། །

  དེ་བས་སྲིད་གཞུང་ནི་སྒྱུ་རྩལ་པ་ལ་འཐབ་རྩོད་རྒྱག་མཁན་གྱི་དཔུང་ཤུགས་དང་པོ་རེད། དུས་རབས་བཅུ་དགུ་པར་ཨུ་རུ་སུའི་རྩོམ་པ་པོ་དག་འགོག་པར་རྩོམ་པའི་དཔུང་ཤུགས་གཉིས་པ་ནི་སྲིད་གཞུང་དང་འགལ་བའི་སྐྱོན་བརྗོད་ཀྱི་ལྟ་བ་སྤྱི་ཚོགས་ལ་དོ་ཁུར་དང་མཁོ་བེད་གཙོ་བོར་བྱེད་མཁན་ཏེ། སྐབས་དེའི་ཆབ་སྲིད་བསམ་བློ་པ་སྤྱི་དམངས་ཀྱི་ལྟ་བ་དྲག་པོ་འཛིན་མཁན་དེ་དག་གོ། །ནན་ཆེར་བརྗོད་དགོས་པ་ཞིག་ལ། སྲིད་གཞུང་གིས་གསོས་པའི་ཁྲམ་པ་དག་གམ། ལོག་སྤྱོད་པ་རྒས་འཁོགས་མགོ་བོ་རྨོངས་ཤིང་རྒྱལ་ཁྲི་འདར་ཁྲུག་ཁྲུག་ལྷུང་ལ་ཁད་བྱེད་པར་ཡོངས་སུ་ཧམ་བསྐོར་བྱེད་པ་དག་དང་བསྡུར་ཚེ། མི་འདི་དག་སྤྱིར་བཏང་ཡོན་ཏན་དང་། དྲང་བདེན། ཕུགས་རེ། བློ་རིག མཛངས་སྤྱོད་བཅས་ཀྱི་ཆ་ནས་མངོན་པར་འཕགས་ཡོད། སྐྱོན་བརྗོད་པ་ལྟ་བ་དྲག་པོ་འཛིན་མཁན་ཞིག་གིས་ནི་མི་དམངས་ཀྱི་བདེ་སྡུག་ཁོ་ནར་སེམས་ཁྲལ་གནང་བཞིན། རྩོམ་རིག་དང་། ཚན་རིག མཚན་ཉིད་རིག་པ་ཐམས་ཅད་འབངས་མི་སེར་ཕལ་བ་དག་གི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་ཇེ་ལེགས་སུ་གཏོང་བ་དང་། རྒྱལ་ཁབ་གང་དེའི་ཆབ་སྲིད་ཀྱི་སྒྲིག་གཞི་ལ་འགྱུར་བ་གཏོང་བའི་ལག་ཆ་འབའ་ཞིག་ཏུ་འདོད་པས། འདི་དག་ལ་སྐྱོན་གྱི་དྲི་མས་མ་གོས་ཤིང་དཔའ་བོའི་བརྟུལ་ཞུགས་འཆང་། རྒྱང་འཕུད་ཀྱི་སྐབས་སུ་ཟས་གོས་དབུལ་བ་ལའང་ཁ་ཡ་མི་བྱེད་ཅིང་། དེ་ནང་བཞིན་སྒྱུ་རྩལ་གྱི་རང་བཞིན་ཕྲ་ཞིང་ཞིབ་པ་ལའང་སྣང་བ་ཁྱོན་ནས་མི་གཏོད། མི་འདི་དག་གིས་བཙན་དབང་རིང་ལུགས་དང་འཐབ་མོ་བཀྱེ་བ་སྟེ། དུས་རབས་བཅུ་དགུ་པའི་ལོ་རབས་བཞི་བཅུ་པར་མེ་ལྟར་འབར་བའི་པེ་ལིན་སི་ཀི(Belinski)དང་། དུས་རབས་བཅུ་དགུ་པའི་ལོ་རབས་ལྔ་བཅུ་པ་དང་དྲུག་ཅུའི་ནང་གི་མགོ་མཁྲེགས་ཨུ་ཚུགས་ཚ་པོའི་ཆེར་ཉེ་ཤེབ་སི་ཀི(Chernyshevski)དང་ཏོབ་རོ་ལེའུ་པོབ(Dobrolyubov)། ཀུན་སློང་ཡག་ནའང་སུན་པར་བྱེད་མཁན་མི་ཧའེ་ལོབ་སི་ཀི(Mihaylovski)། གཞན་ཡང་སྐྱེ་བོ་གཞུང་རྒྱུད་དྲང་ལ་ཨུ་ཚུགས་ཆེ་བ་སྐོར་ཁག་ཅིག་མཆིས་པ་འདི་ཐམས་ཅད་ཧྥ་རན་སི་རྙིང་པའི་སྟོང་བསམ་སྤྱི་ཚོགས་རིང་ལུགས་པ་དང་འཇར་མན་གྱི་དངོས་གཙོ་སྨྲ་བའི་རིང་ལུགས་པའི་ཡ་གྱལ། ཆབ་སྲིད་ཀྱི་ལྟ་བ་མཐའ་གཅིག་ཏུ་འཛིན་མཁན་གྱི་རིགས་སུ་བགྲང་ཆོག་པར་འདོད་ཅིང་། དེ་དག་ཉེ་བའི་ལོ་འགའི་རིང་དར་ཆེ་བའི་གསར་བརྗེའི་སྤྱི་ཚོགས་རིང་ལུགས་དང་གདུག་རྩུབ་ཆེ་བའི་གུང་ཁྲན་རིང་ལུགས་ཀྱི་སྔ་ལྟས་སུ་གྱུར། དེ་དང་ཨུ་རུ་སུའི་རང་དབང་རིང་ལུགས་དོན་དམ་པ་གཉིས་གཅིག་ཏུ་སྨྲ་བར་མི་བྱ་སྟེ། ཕྱི་མ་དེ་ཡོ་རོབ་ནུབ་མ་དང་ཨ་མེ་རི་ཁའི་ཤེས་རིག་དར་བའི་དམངས་གཙོ་དག་མ་དང་རྒྱུད་པ་གཅིག་ཡིན་པའི་ཕྱིར་རོ། །ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པའི་དུས་དེབ་དག་བཀླགས་པས། རྒྱལ་པོ་ལྟོས་མེད་ཅིག་གིས་སྐྱོང་བའི་རྒྱལ་ཁབ་འདི་རུ་སྐྱེ་བོ་དེ་དག་གིས་འཚེ་བའི་བློ་ཇི་འདྲའི་དྲག་པོ་ཞིག་ཕྱིར་སྟོན་ཐུབ་ཡོད་པ་རྙེད་ནས་ཧ་ལས་དགོས་པ་ཡོད། མགོ་རྟིང་སློག་མཁན་དེ་དག་ལ་ལེགས་པའི་ཡོན་ཏན་སུན་རེ་ཙམ་ཡང་མེད་པ་ནི་ག་ལ་མོད། སྒྱུ་རྩལ་གྱི་ཕྱོགས་ལ་དེ་དག་ཀྱང་སྲིད་གཞུང་ནང་བཞིན་མགོ་རྙོག་བསུན་གཙེར་གྱི་འབྱུང་གཞི་འབའ་ཞིག་ཡིན། སྲིད་གཞུང་དང་གསར་བརྗེ། གོང་མ་ཛཱར་དང་ཆབ་སྲིད་མཐར་ལྷུང་བ་བཅས་ཐམས་ཅད་སྒྱུ་རྩལ་གྱི་ཆ་ནས་ཧྥི་ལི་སི་ཐིའི་རིང་ལུགས་འཛིན་མཁན་ཡིན་པ་བསྙོན་དུ་མེད། སྐྱོན་བརྗོད་པ་མགོ་རྟིང་སློག་མཁན་དེ་དག་གིས་བཙན་དབང་རིང་ལུགས་དང་རྩོད་པ་བྱས་ནའང་མཐར་ཁོ་ཚོས་རང་ཉིད་ཀྱི་བཙན་དབང་རིང་ལུགས་ཤིག་གསར་དུ་བཟོས་ཤིང་། ཁོ་ཚོས་བཙན་ཤེད་ཀྱིས་ལག་ཏུ་བསྟར་བར་འདོད་པའི་ཁ་གཡང་དང་། ལྟ་བ། གཞུང་ལུགས་དེ་དག་ཀྱང་ཁོ་ཚོ་རང་ལ་མཚོན་ན་སྒྱུ་རྩལ་དང་སྲིད་གཞུང་གི་ལམ་ལུགས་རྙིང་པའི་རྗེས་འབྲངས་པ་དག་ནང་བཞིན་རྦད་དེ་འབྲེལ་བ་མེད་པ་ཞིག་ཏུ་ཆགས་བསྡད་ཡོད། ཁོ་ཚོས་རྩོམ་པ་པོར་རེ་བ་ཞིག་བཏོན་པ་ནི་སྤྱི་ཚོགས་སྐོར་གྱི་བརྗོད་བྱའི་སྙིང་པོ་ཞིག་ཡོད་རྒྱུ་དེ་རེད་ལ། གཞན་དག་ནི་དོན་མེད་ཝུ་བ་ཙམ་ལས་མ་འདས་པས། མི་དམངས་ཀྱི་བདེ་སྡུག་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་གདག་ཐུབ་པའི་དེབ་ཁོ་ན་ད་གཟོད་ལེགས་པོ་རུ་མཐོང་གི་ཡོད། དེ་ནི་ཁོ་ཚོའི་སེམས་ཀྱི་ངར་ཤུགས་ཁྲོད་ཀྱི་སྐྱོན་ཆ་ཚབས་ཆེ་ཤོས་དེ་ཅི་ལ་མིན། ལྷག་བསམ་རྣམ་དག་དང་རྟུལ་ཕོད་ཀྱི་ངང་ནས་ཁོ་ཚོས་རང་དབང་དང་འདྲ་མཉམ་འཐོབ་རྒྱུར་འབད་མོད། ཁོ་ཚོ་རང་གི་བླང་བྱ་དང་ཡོངས་སུ་འགལ་ནས་སྒྱུ་རྩལ་དབང་འོག་ཏུ་བསྡུས་ཏེ་མིག་སྔའི་ཆབ་སྲིད་ཀྱི་གཡོག་ཏུ་བཙུད། གོང་མ་ཛཱར་རྣམས་ཀྱིས་རྩོམ་པ་པོ་དག་ནི་རྒྱལ་ཁབ་ཀྱི་གཡོག་པོ་དང་། སྐྱོན་བརྗོད་པ་མགོ་རྟིང་སློག་མཁན་དག་གིས་རྩོམ་པ་པོ་དག་ནི་མི་དམངས་ཀྱི་གཡོག་པོ་རུ་འདོད་ཅིང་། མཐར་རང་ཅག་གི་དུས་རབས་འདི་རུ་སྲིད་སྐྱོང་ལུགས་གསར་པ་ཞིག་ཧེ་གེལ་ལུགས(Hegelian)ཀྱི་རིམ་པ་གསུམ་ལས“སྦྱོར་བ”ཡི་ལས་ལ་ཞུགས་ནས། མི་དམངས་དང་རྒྱལ་ཁབ་ཀྱི་ལྟ་བ་གཅིག་ཏུ་བསྡེབས་པས། གོང་གི་བསམ་བློའི་རྒྱུན་དེ་གཉིས་ཀ་གཞི་གཅིག་ཏུ་འདྲེས་ནས་མཉམ་འབྲེལ་གྱི་དཔུང་ཤུགས་དྲག་པོ་ཞིག་ཆགས་སོ། །

  དུས་རབས་བཅུ་དགུ་པའི་ལོ་རབས་ཉི་ཤུ་པ་དང་སུམ་ཅུ་པའི་ནང་སྒྱུ་རྩལ་པ་དང་ཁོའི་སྐྱོན་བརྗོད་པའི་བར་ལ་གདོང་ཐུག་བྱུང་བའི་དཔེ་མཚོན་རྩོད་མེད་ཅིག་ནི་ཕུ་ཤི་ཀིན་ཏེ། ཨུ་རུ་སུའི་རྩོམ་པ་པོ་ཆེན་མོ་ཐོག་མ་ཁོང་ཉིད་དོ། །དཔོན་ངན་གྱི་ཚོགས་པ་གོང་མ་ཛཱར་ནི་ཁོ་ལ་སིས་དབུ་ཁྲིད་པ་དེ། སྐྱེ་བོ་འདི་ལ་ཁྲོ་བསུན་མི་བཟོད་པ་ཞིག་སྐྱེ་ཞིང་། རྩོམ་འབྲི་བ་འཚོ་ཐབས་སུ་བྱེད་པ(གལ་ཏེ་ཁོས་མ་བྲིས་ཐབས་མེད་ཅིག་ཡིན་ན)འདི་རྒྱལ་ཁབ་ཀྱི་གཡོག་པོ་མི་བྱེད། སྲིད་གཞུང་གི་ཡི་གེ་བསྟར་ནས་སྲོལ་རྒྱུན་གྱི་ལེགས་པའི་སྤྱོད་ལམ་དག་ལའང་ཆེ་བསྟོད་མི་བགྱི་བར། ལྡོག་སྟེ་ཚིགས་བཅད་ཁེངས་དྲེགས་ཚ་པོ། རང་སྣང་གང་ཤར། ངམ་གནག་ཆེན་པོའི་རིགས་འབྲི་བར་བྱེད་ཅིང་། ཁོའི་སྙན་ངག་གི་འབྲི་སྟངས་དཔེ་གསར་དུ་དང་། ཁོའི་འཆར་སྒོ་མིའི་དབང་པོ་ལ་བདེ་བ་སྟེར་ཅིང་བག་མེད་སྤྱོད་པ་རུ། ཁོས་རྒྱལ་པོ་གདུག་རྩུབ་ཅན་ཆེ་ཆུང་ཀུན་ལ་ཟུར་ཟ་ཁྲེལ་དགོད་བྱེད་པའི་ཞེན་པ་དེ་རུ། རང་དབང་གི་བསམ་བློ་ཉེན་ཁ་ཅན་ཞིག་མངོན་སུམ་འཛེམ་མེད་དུ་བསྟན་ཡོད་འདོད། ཆོས་ཚོགས་ཀྱིས་ཁོའི་འཆལ་པོ་བསམ་མེད་ཀྱི་ཚུལ་དེར་ཡིད་གདུང་ཁུལ་བྱས། ཉེན་རྟོག་པ་དང་། དཔོན་རིགས་མཐོན་པོ། སྐྱོན་བརྗོད་པ་སྲིད་གཞུང་གིས་གསོས་པ་དག་གིས་ཁོ་ལ་སྙན་ངག་པ་ཀླད་མེད་ཟོག་པོ་ཞེས་ཆོ་ལོ་བསྩལ། ཡང་ཁོས་རང་གི་སྨྱུ་གུ་བཀོལ་ནས་སྲིད་གཞུང་གི་གཞུང་ལས་ཁང་ནང་གི་ལས་ཀ་ཉབ་ཉོབ་དག་འབྲི་མི་སྲིད་པ་ཚིག་རྟིང་མནའ་ཡིས་མནན་ནས་མངོན་པར་བསྒྲགས་པས། སྐབས་དེའི་ཡོ་རོབ་པ་དག་ལས་ཡོན་ཏན་གྱི་དཔལ་ཤིན་ཏུ་རྒྱས་ནས་རྩེ་གྲས་སུ་སླེབས་ཡོད་པའི་སྐྱེ་བོ་འདི་ལ་སྐུ་དྲག་ཆེ་གེ་མོས་བླུན་པོ་དང་། དམག་དཔོན་ཆེ་གེ་མོས་གླེན་གོག་ཅེས་བོས། རྒྱལ་ཁབ་ཀྱིས་ཕུ་ཤི་ཀིན་གྱི་སྐྱེས་སྟོབས་ཀྱི་ཤེས་རབ་ཐལ་བའི་རྡུལ་དུ་བརླག་པའི་ཕྱིར་དུ། རྒྱང་འཕུད་གཏོང་བ་དང་། ཞིབ་བཤེར་དྲག་པོ་བྱེད་པ། ཡང་ནས་ཡང་དུ་བསུན་གཙེར་བཟོ་བ། ཡབ་ཀྱི་བརྟུལ་ཞུགས་འཆང་ནས་ཁ་ཏ་གནང་བ་བཅས་ཐབས་ལམ་སྣ་ཚོགས་འཐེན་ཞིང་། མཐར་ས་གནས་ཀྱི་མི་ངན་ཁྲམ་པ་སྐོར་ཞིག་ལ་བརྟེན་ནས་ཕུ་ཤི་ཀིན་ལགས་འཆི་བ་ལྡོག་མེད་ཀྱི་གྲི་འཛིང་དེ་རུ་བཙུད་པ་རེད་ལ། དགྲ་ཡ་ནི་ཧྥ་རན་སིའི་རྒྱལ་པོའི་ལམ་ལུགས་ལ་མོས་ཤིང་ཕྱོགས་སུ་ཉུལ་བའི་སྐྱེ་བོ་ཐ་ཤལ་བ་ཙམ་ཞིག་ལས་མ་འདས་སོ། །

  ཕྱོགས་གཞན་ཞིག་ཏུ་སྐྱོན་བརྗོད་པ་མགོ་རྟིང་སློག་མཁན་ཁ་དྲག་དབང་ཤུགས་ཤིན་ཏུ་ཆེ་བ་དེ་དག སྤྱིར་ན་རྒྱལ་པོས་དབང་བསྒྱུར་བའི་ལམ་ལུགས་ལྟོས་མེད་ཅིག་ཏུ་གནས་ནའང་། གང་ལྟར་ཡང་དུས་དེབ་ཀློག་མཁན་ཤིན་ཏུ་མང་བ་དག་ཏུ་ཁོ་ཚོའི་གསར་བརྗེའི་ལྟ་བ་སྤེལ་ཐུབ་ཀྱི་ཡོད། སྐྱོན་བརྗོད་པ་མགོ་རྟིང་སློག་མཁན་འདི་དག་ཕུ་ཤི་ཀིན་གྱི་ཚེ་མཇུག་གི་ལོ་འགའི་ནང་དུ་བྱུང་བ་རེད་ལ། དེ་དག་ཀྱང་སྐྱེ་བོ་འདི་ལ་ཁྲོ་བསུན་མི་བཟོད་པ་ཞིག་སྐྱེ་ཞིང་། འདི་མི་དམངས་དང་སྤྱི་ཚོགས་ལས་རིགས་ཀྱི་གཡོག་པོ་བཟང་པོ་མི་བྱེད་པར། འཇིག་རྟེན་གྱི་ཆོས་ཐམས་ཅད་མ་ལུས་པར་སྙན་ངག་གི་ཕྲེང་བ་ཀུན་ཏུ་ཕྲ་མོ་དང་། རང་དབང་ཆེན་པོ། ཀུན་རྟོག་གི་མཐར་སོན་པ་རེར་འབྲི་བ་དང་། རྒྱལ་པོ་གདུག་རྩུབ་ཅན་ཆེ་ཆུང་ཀུན་ལ་ཟུར་ཟ་ཁྲེལ་དགོད་ཅི་འདོད་གང་འདོད(ཅི་འདོད་གང་འདོད་ཆེ་དྲགས)བྱེད་པ་ལས་གསར་བརྗེའི་དམིགས་པ་འགའ་རེ་རྙེད་པ་འདྲ་ཡང་། དེ་དག་ཀྱང་ཁོའི་མོས་པ་རྒྱ་ཆེ་བ་སྣ་ཚོགས་པའི་དབང་གིས་ཉམས་པར་བྱས་ཡོད་པར་འདོད། ཁོའི་སྙན་ངག་ཁྲོད་ཀྱི་བག་མེད་ཀྱི་ངང་ཚུལ་དེ་དག་སྐུ་དྲག་གི་རྒྱན་ཆ་འཕྱོར་རྫས་ཙམ་དུ་སྨད་ཅིང་། ཁོ་རང་སྒྱུ་རྩལ་པའི་ངང་དུ་འཇིག་རྟེན་སྤངས་ནས་ཧྲེང་པོར་སྡོད་པ་དེ་སྤྱི་ཚོགས་ཀྱི་ནག་ཉེས་ཤིག་ཏུ་བསྒྲགས། རྩོམ་པ་པོ་དཀྱུས་མ་དག་ཆབ་སྲིད་ཀྱི་བསམ་བློ་པ་དག་ཏུ་སྤྲུལ་ནས་ཕུ་ཤི་ཀིན་ལ་སྙན་ངག་པ་ཀླད་མེད་ཟོག་པོ་ཞེས་བོས། ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པའི་སྐྱོན་བརྗོད་པ་གྲགས་ཅན་མི་དམངས་ཀྱི་ལྟ་བའི་སྐྱབས་མགོན་ལྟ་བུར་གྱུར་པ་དེ་དག་གིས་ཕུ་ཤི་ཀིན་ལ་གླེན་གོག་ཅེས་བཏགས། ད་དུང་ཨུ་རུ་སུའི་མི་དམངས་ལ་མཚོན་ན་འཇིག་རྟེན་སྟེང་གི་ཕུ་ཤི་ཀིན་རྣམས་དང་ཤིག་སི་ཕེར་རྣམས(Shakespeares)ལས་ལྷམ་བཟང་པོ་ཆ་གཅིག་ལྡབ་འགྱུར་གྱིས་གལ་ཆེ་བ་ཡོད་ཅེས་ཡང་དང་ཡང་དུ་ལབ་པར་བྱེད། ཐལ་ཆེ་བའི་མགོ་རྟིང་སློག་མཁན་དང་ཐལ་ཆེ་བའི་རྒྱལ་པོའི་ལམ་ལུགས་པ་གཉིས་ཀྱིས་ཨུ་རུ་སུའི་སྙན་ངག་པ་ཆེ་ཤོས་ལ་འབོད་པའི་མིང་ལ་བསྡུར་བ་ཞིག་གནང་ཚེ། འདྲ་བའི་རང་བཞིན་ཧ་ལས་པ་དེས་འཇིགས་པར་བྱེད་ངེས་པ་གདོན་མི་ཟའོ། །

  ལོ་རབས་སུམ་ཅུ་པ་དང་བཞི་བཅུ་པའི་མཇུག་གི་གོ་གོལ་གྱི་གནས་སྟངས་ཅུང་མི་འདྲ་བར་འདུག ཐོག་མར་བཤད་དགོས་པ་ཞིག་ལ་ཁོང་གི་འཁྲབ་གཞུང་གཞུང་བསྐོས་སྐོར་ཞིབ་པ(The Government Inspector)དང་སྒྲུང་གཏམ་རྣམ་ཤེས་ཤི་བོ(Dead Souls)ནི་གོ་གོལ་ཁོ་རང་ཉིད་ཀྱི་རྣམ་རྟོག་ལས་འཁྲུངས་ཤིང་། ཁོ་རང་ཉིད་ལ་དབང་བའི་རྨི་ལམ་ངན་པ་དེ་རུ་ཁོ་རང་གི་འགྲན་ཟླ་བྲལ་བའི་གདོན་ཕྲུག་མང་པོ་གཞི་བཅས་ཡོད། དེ་དག་ཁོ་འཚོ་བའི་སྐབས་ཀྱི་ཨུ་རུ་སུའི་འདྲ་རིས་མིན་ལ་ཡིན་ཀྱང་མི་སྲིད། ཁོ་རང་ཨུ་རུ་སུ་ལ་ཧ་ལམ་ཆ་རྒྱུས་མེད་པས་རྒྱུ་མཚན་གཞན་རྣམས་ལོགས་སུ་བསྐྱུར་བས་འཐུས། དོན་ལ་ཁོས་མུ་མཐུད་ནས་རྣམ་ཤེས་ཤི་བོ་གཞན་ཞིག་འབྲི་མ་ཐུབ་པའི་རྒྱུ་མཚན་ཡང་ཁོ་ལ་རྒྱུ་ཆ་འདང་ངེས་པ་ཞིག་མེད་པའི་ཕྱིར་ཏེ། ཁོ་རང་གི་རྣམ་རྟོག་ལས་འཁྲུངས་པའི་སྐྱེ་བོ་ཆུང་ངུ་དེ་དག་ལ་བརྟེན་ནས་དངོས་བཤུས་བརྩམས་ཆོས་ཤིག་བྲིས་པས་ཀྱང་ཁོའི་རྒྱལ་ཁབ་ཀྱི་ཀུན་སྤྱོད་ཇེ་ལེགས་སུ་གཏོང་ཐུབ་པ་ཁྱོན་ནས་མི་སྲིད་དོ། །འོན་ཀྱང་སྐྱོན་བརྗོད་པ་མགོ་རྟིང་སློག་མཁན་དག་གིས་ཁོང་གིས་འཁྲབ་གཞུང་དང་སྒྲུང་གཏམ་ལས་ལྐོག་རྔན་སྤྲོད་པ་དང་། འཚོ་བ་ཐབས་ཆག སྲིད་གཞུང་གི་ཉེས་སྤྱོད། བྲན་གཡོག་ལམ་ལུགས་བཅས་ལ་དགག་རྒྱག་ཉེས་འཛུགས་གནང་བ་མཐོང་སོང་ལོ་སྨྲས་ནས། གོ་གོལ་གྱི་བརྩམས་ཆོས་དག་ལ་གསར་བརྗེའི་དམིགས་དོན་ཞིག་སྦྱར་བར་གྱུར་ནའང་། དོན་ལ་ཁོ་ནི་ཁྲིམས་སྲུང་ལུགས་རྩི་གནང་མཁན་གྱི་མི་སེར་ཉམ་ཆུང་ཞིག་ཡིན་པར་མ་ཟད། ལུགས་རྙིང་འཛིན་པའི་ཤོག་ཁ་རུའང་གྲོགས་པོ་ཁ་དྲག་དབང་ཤུགས་ཅན་མང་པོ་ཡོད་པས། ཕ་རོལ་པོས་ཁོའི་བརྩམས་ཆོས་དག་ལས་དོན་དེ་འདྲ་བ་དག་རྙེད་པ་ལ་ཧ་ལས་ཧང་སངས་ནས། དུས་ཕྱིས་རྩོམ་འབྲི་བའི་སྐབས་སུ་སྔོན་གྱི་འཁྲབ་གཞུང་དང་སྒྲུང་གཏམ་དེ་དག་ལ་གསར་བརྗེའི་དམིགས་དོན་ཞིག་མེད་པར་མ་ཟད། ལྡོག་སྟེ་ཆོས་ལུགས་ཀྱི་སྲོལ་རྒྱུན་དང་ཕྱིས་སུ་ཁོ་ལ་རིམ་གྱིས་ཆགས་པའི་གསང་བ་རིང་ལུགས་ལ་བསྟུན་ཅི་ཐུབ་བྱས་ཡོད་ཅེས་རྩོལ་བ་ལྷུར་དུ་བླངས་ནས་རིགས་པས་བསྒྲུབས། ཏོ་སི་ཐོ་ཨེབ་སི་ཀི(Dostoevski)ནི་སྐུ་ན་གཞོན་པའི་དུས་སུ་ནར་མ་སོན་པའི་ཆབ་སྲིད་ཀྱི་རྩེད་མོ་བག་མེད་པ་རུ་ཚུད་དེ་སྲིད་གཞུང་གིས་རྒྱང་འཕུད་བཏང་ཞིང་ཨེན་ཙམ་མིན་ན་སྲོག་ཐོག་བཏང་མོད། རྗེས་སུ་ཁོས་བརྩམས་ཆོས་ལས་ཁེངས་སྐྱུང་དང་། གོང་བཀུར། སྡུག་བསྔལ་གྱི་སྤྱོད་པ་ཡག་པོ་བཅས་ལ་ཆེ་བསྟོད་གནང་དུས། སྐྱོན་བརྗོད་པ་མགོ་རྟིང་སློག་མཁན་དག་གིས་རྩོམ་ཡིག་དག་ལས་ཁོ་རྐྱེན་ལམ་དུ་བཏང་། གཞན་ཡང་སྐྱོན་བརྗོད་པ་ཁྱུ་ཚོགས་འདིས་ཐོལ་སི་ཐོ་ཡེ(Tolstoy)ལ་ཞེ་སྡང་དྲག་པོས་སྡིགས་དམོད་མཛད་དེ་ཁོས་སྐུ་ལྕམ་དང་སྐུ་ཞབས་མཚན་གནས་ཅན་དག་གི་བརྩེ་དགའ་བག་མེད་ཀྱི་བྱུང་བ་ཞིབ་ཏུ་བྲིས་འདུག་ལོ་ཞིག་སྨྲ། དེ་དང་དུས་མཉམ་དུ་ཆོས་ཚོགས་ཀྱིས་ཁོས་སྐྲག་རྒྱུ་མེད་པར་རང་ཉིད་རང་གིས་དད་ཡུལ་གྱི་ཆོས་ལུགས་ཤིག་བཟོ་ཡི་འདུག་ཅེས་ཁོ་རང་ཆོས་སྡེ་ནས་ཕྱིར་ཕུད།

  ངས་བསམས་ན་དཔེ་འདི་དག་གིས་མི་འདང་བ་ཅི་ཡང་མི་འདུག དུས་རབས་བཅུ་དགུ་པའི་ཨུ་རུ་སུའི་རྩོམ་པ་པོ་ཆེན་མོ་ཚང་མས་དཀའ་སྡུག་ཉིས་བརྩེགས་ཡ་མ་ཟུང་འདི་མ་བརྒྱུད་པ་གཅིག་ཀྱང་མེད་ཅེས་ནའང་། སྒྲོ་འདོགས་འུད་བརྗོད་ཀྱི་ཆ་ཅི་ཡང་མེད་པར་བདེན།[ཚར་མེད]


[1] ཕ་ཡུལ་ཨུ་རུ་སུ་ཡིན་པའི་ཨ་མེ་རི་ཁའི་རྩོམ་རིག་སྨྲ་བའི་མཁས་ཆེན་ཡིན་ཞིང་། འཚོ་གཞེས་གནང་དུས་ནི(1899—1977)བར་ཡིན། 1955ལོར《ལོ་ལི་ཐ》བྱ་བའི་སྒྲུང་བརྩམས་ནས་སྐད་གྲགས་ཆོད།
[2] ཕ་ཡུལ་མདོ་སྨད་འབའ་རྫོང་།《མི་རིགས་ཀྱི་རྩོམ་རིག》གི་རྩོམ་སྒྲིག་པ་ཡིན།

དཔྱད་མཆན་ཡོད།